ལོ་རེའི་ལོ་སར་གྱི་སྐབས་ནི་ཁྱིམ་མི་ལྷན་འཛོམས་འབྱུང་བའི་དུས་སྐབས་གལ་ཆེན་ཞིག་ཡིན། ཡིན་ནའང་ལུས་ཕུང་བདེ་ཐང་གི་ངོས་ནས་བཤད་ན། ལོ་སར་གྱི་སྐབས་སུ་སྙིང་ཁམས་ཁྲག་རྩའི་ནད་འབྱུང་བའི་ཉེན་ཁ་ཆེ་སྟེ། གློ་བུར་དུ་ཤི་བ་དང་། སྙིང་རྩ་ཁེགས་ཤི། སྙིང་ཤའི་གཉན་ཚད་སོགས་སྙིང་ཁམས་ཁྲག་རྩའི་ནད་རིགས་འབྱུང་ཉེན་ཧ་ཅང་ཆེ། ཆེད་མཁས་པས་བཤད་པ་ལྟར་ན། སྙིང་ཁམས་ཁྲག་རྩའི་ནད་རིགས་དེ་བལྟས་ཚོད་ཀྱིས་གློ་བུར་དུ་བྱུང་བ་འདྲ་མོད། དོན་དངོས་སུ་ནད་མ་བྱུང་བའི་སྔོན་དུ་ནད་པས་དོ་སྣང་མ་བྱས་པ་མ་གཏོགས་མངོན་རྟགས་འདྲ་མིན་སྣ་ཚོགས་ཤིག་ཡོད་པ་རེད་ཟེར།
སྙིང་ཁམས་ཁྲག་རྩའི་ནད་རིགས་མ་བྱུང་སྔོན་དུ་ནད་རྟགས་གང་དག་འབྱུང་སྲིད་དམ།
གཅིག གློ་བུར་དུ་མགོ་ཡུ་འཁོར་བ་དང་། མགོ་ན་བ་དེ་ནི་སེམས་ཁུར་ཆེ་བ་དང་སྐེ་ཚིགས་ལ་ནད་འགྱུར་བྱུང་བ་མིན་ན། ཁྲག་ཤེད་ཚད་ངེས་ཅན་ཞིག་ལ་ཇེ་མཐོར་སོང་བ་ལས་བྱུང་བའི་ནད་རྟགས་ཡིན། གལ་ཏེ་ནད་པས་དེ་ལ་ཁ་ཡ་མ་བྱས་ན། ཁྲག་ཤེད་མཐའ་གཅིག་ཏུ་མཐོན་པོར་གནས་ནས། ཁྲག་རྩའི་ནང་གི་ཁྲག་རྒྱུན་དེ་ཇེ་མགྱོགས་ནས་ཇེ་མགྱོགས་སུ་གྱུར་ཏེ། ཀླད་པའི་ཁྲག་རྩ་དང་སྙིང་ཁམས་ལ་གནོན་ཤུགས་ཆེན་པོ་ཐེབས་ཏེ་ཀླད་སྙིང་ཁྲག་རྩའི་ནད་རིགས་ཀྱི་དོན་རྐྱེན་བྱུང་བ་རེད།
གཉིས། སྙིང་འཚབ་པ་དང་སྙིང་ལན་རེར་གཡུགས་པ།
སྙིང་འཚབ་པ་དང་སྙིང་གཡུགས་པའི་སྐབས་སུ་སྙིང་གི་ལྡིང་ཚད་རྒྱུན་ལྡན་ཡིན་མིན་ལ་བལྟ་དགོས། རབ་ཡིན་ན་དུས་ཐོག་ཏུ་དུས་ཚོད་ཉེར་བཞིའི་རིང་གི་སྙིང་ཁམས་རླབས་རིས་ལ་བལྟས་ན་བཟང་།
གསུམ། སྙིང་འཚངས་ནས་དབུགས་ལེན་དཀའ་བའམ་དུས་ཚོད་སྐར་མ་གསུམ་ནས་ལྔའི་ནང་དུ་བྲང་ཁར་བཙིར་གནོན་རང་བཞིན་གྱིས་ན་ཟུག་གཏོང་བ་དང་། ངལ་གསོ་ཅུང་ཙམ་བྱས་རྗེས་ཇེ་དགར་འགྲོ་བ་དེ་ནི་སྙིང་གཟེར་ནད་ཀྱི་མངོན་རྟགས་གཙོ་བོ་ཞིག་ཡིན།
བཞི། བྲང་ཁར་བཙིར་གནོན་རང་བཞིན་གྱིས་ན་ཟུག་བཏང་ནས་དུས་ཚོད་འགར་མཚམས་མི་འཇོག་པ། དེ་དང་བསྡོངས་ནས་རྔུལ་ཆུ་བཞུར་བ་དང་མགོ་ཡུ་འཁོར་བ། ཁྲག་ཤེད་དམའ་བ་སོགས་ཀྱི་རྟགས་འབྱུང་བ་དེ་ནི། མྱུར་བའི་རང་བཞིན་གྱི་སྙིང་ཤ་འགག་པའི་རྟགས་ཡིན། སྐབས་དེར་ཧ་ཅང་ཉེན་ཁ་ཆེ་བས་མྱུར་དུ120མྱུར་སྐྱོབ་ཁ་པར་གཏོང་དགོས་ཤིང་། མྱུར་སྐྱོབ་རླངས་འཁོར་ཐོན་རག་བར་དུ་སྙིང་ཁམས་ཀྱི་མྱུར་སྐྱོབ་སྨན་རྫས་ལྡུད་དགོས།
ལྔ། ཆམ་པ་དང་རྒྱུ་འཁྲུ་བྱུང་རྗེས། སྙིང་གི་ལྡིང་ཚད་ཅུང་ཟད་མི་སྙོམས་པ་དང་བསྡོངས་ནས་ཚ་རྒྱས་པ་དང་ཐང་ཆད་པ། སྙིང་མི་བདེ་བ་སོགས་ཀྱི་རྟགས་བྱུང་ན། དེ་ནི་ནད་དུག་རང་བཞིན་གྱི་སྙིང་ཤའི་གཉན་ཚད་བྱུང་བ་ཡིན་ལ། ཚབས་ཆེ་དུས་གློ་བུར་དུ་འཆིའང་སྲིད། ནད་དུག་རང་བཞིན་གྱི་སྙིང་ཤའི་གཉན་ཚད་དེ་ཀླད་ཤུགས་ངལ་རྩོལ་བྱེད་བཞིན་པའི་མི་དང་ན་གཞོན། རྒྱུན་པར་ལུས་ཕུང་བདེ་ཐང་ལ་དེ་འདྲའི་དོ་སྣང་མི་བྱེད་པའི་མི། ལོ་སར་གྱི་སྐབས་སུ་བཟའ་བཏུང་ལ་དོ་སྣང་མི་བྱེད་པ། མཚན་བསྐྱལ་ནས་དགའ་མགུར་རོལ་བ། རིམས་འགོག་ནུས་པ་ཞན་པའི་མི་བཅས་ཀྱིས་དོ་སྣང་ཅུང་ཟད་མ་བྱས་ཚེ། ནད་དུག་སྙིང་ཁམས་སུ་འགོས་ནས་ནད་དུག་རང་བཞིན་གྱི་སྙིང་ཤའི་གཉན་ཚད་འབྱུང་སྲིད།
གློ་བུར་དུ་སྙིང་ཁམས་ཁྲག་རྩའི་ནད་རིགས་བྱུང་ན་མྱུར་དུ120མྱུར་སྐྱོབ་ཁ་པར་གཏོང་དགོས།
རང་གི་ཁྱིམ་མི་དང་ཉེ་འཁོར་གྱི་མི་ལ་གོང་དུ་བཤད་པའི་སྙིང་ཁམས་ཁྲག་རྩའི་ནད་རྟགས་དེ་དག་ཡོད་ཚེ། མྱུར་སྐྱོབ་བྱེད་ཐབས་མེད་པའི་ཁྱིམ་ཚང་གིས་མྱུར་དུ120ལ་ཁ་པར་བཏང་ནས་རང་གི་སྡོད་གནས་སོགས་གསལ་བོར་བཤད་དགོས། མྱུར་སྐྱོབ་རླངས་འཁོར་ཐོན་རག་བར་དུ། ནད་པ་དྲང་མོར་བསྙལ་ནས་ལྟ་ལྟོག་བྱེད་དགོས། ཟ་མ་ཟ་སྐབས་ཡིན་ན་ནད་པའི་མིད་པར་ཟས་རིགས་སོགས་ཡོད་མེད་ལ་ཞིབ་ཏུ་བལྟ་དགོས་པར་མ་ཟད། དྲན་པ་ཅུང་ཟད་གསལ་ན་མྱུར་སྐྱོབ་ཀྱི་སྨན་ལྡུད་དགོས།
ཆེད་མཁས་པས་གསལ་འདེབས་བྱས་དོན། གལ་ཏེ་ཁྱིམ་དུ་ཁྲག་ཤེད་མཐོ་བ་དང་། སྙིང་གཟེར་ནད། ཁྲག་ཚིལ་མཐོ་བ། གཅིན་སྙི་ཟ་ཁུ་བཅས་ཡོད་པའི་ནད་པ་ཡོད་ཚེ། ནད་པའི་ལག་ཏུ་རྒྱུན་པར་སྨན་བཟུང་ནས་འདུག་དགོས་ཤིང་། ཁྱིམ་དུའང་རབ་ཡིན་ན་ཏན་ཧྲིན་བན(丹参丸)དང་སུའུ་ཞའོ་ཅིག་ཞིན་བན།(速效救心丸) ཞའོ་སོན་ཀན་ཡིག(硝酸甘油)སོགས་མྱུར་བའི་རང་བཞིན་གྱི་སྨན་རྫས་གྲ་སྒྲིག་བྱས་ནས་འཇོག་དགོས།
དེ་ལས་གཞན། སྙིང་གཟེར་ནད་པའི་ཁྱིམ་དུ་ད་དུང་ཨ་སི་ཕི་ལིན(阿司匹林)དང་པོ་ལིས་བེ།(波立维)ལིག་སོན་ཆིན་ལོས་པིས་ཀི་ལེ་ཕེན(硫酸氢氯吡格雷片)བཅས་གྲ་སྒྲིག་བྱས་ནས་འཇོག་དགོས། གལ་ཏེ་གློ་བུར་དུ་སྙིང་ཤ་འགག་ཚེ། སྨན་དེ་དག་བླུད་ན་ནད་བབ་ཇེ་ཡང་དུ་གཏོང་ཐུབ།
ལོ་ཙཱ་བ། འབྲུག་མོ།