ལོ་སར་གྱི་སྐབས་སུ་ནད་རིགས་སྣ་ཚོགས་སྔོན་འགོག་བྱས་ནས་བདེ་ཐང་དང་བདེ་འཇགས་ངང་ལོ་སར་དགོས།
2018.02.05 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 55

ལོ་སར་གྱི་སྐབས་སུ་ཁྱིམ་མི་རྣམས་ལྷན་དུ་འཛོམས་ནས་སྐྱིད་དགའ་དགས་རྒྱས་ཟ་རྒྱས་སྤྲས་ཀྱི་འཚོ་བར་ལོངས་སྤྱོད་གང་ལེགས་བྱེད་བཞིན་ཡོད། ཡིན་ནའང་སྐྱིད་པའི་དུས་ཆེན་ལ་རོལ་སྐབས་འབྱུང་གཞི་བདེ་ཐང་དེ་སྣང་མེད་དུ་གཏན་ནས་འཇོག་མི་རུང་། ལོ་རེའི་ལོ་སར་གྱི་སྔ་གཞུག་ཏུ་སྨན་ཁང་དུ་ཡོང་བའི་ནད་པ་དུས་རྒྱུན་ལས་ཇེ་མང་ནས་ཇེ་མང་ཡིན་ཏེ། མང་བཟའ་མང་འཐུང་དང་། འགྲོ་འདུག་ཉལ་འཆག་གི་གོ་རིམ་འཆོལ་བ། རྩེད་འཇོར་རོལ་ནས་ཐང་ཆད་དྲགས་པ་སོགས་ལས་མི་མང་པོ་ཞིག་ལ་མྱུར་བའི་རང་བཞིན་གྱི་ཕོ་རྒྱུའི་གཉན་ཚད་དང་། མྱུར་བའི་རང་བཞིན་གྱི་གཤེར་མའི་གཉན་ཚད། ཕོ་བ་དང་རྒྱུ་མ་ལས་ཁྲག་བརྡོལ་བ་སོགས་འཇུ་ལམ་གྱི་ནད་རིགས་སྣ་ཚོགས་འབྱུང་བཞིན་ཡོད། ད་དུང་བྱིས་པར་ཟས་དུག་ཕོག་པ་དང་ཆམ་ནད་འབྱུང་བ། རྒན་པར་ཀླད་སྙིང་ཁྲག་རྩའི་ནད་དང་གཅིན་སྙིའི་ནད་སོགས་ཀྱང་འབྱུང་ཚད་ཇེ་མཐོར་འགྲོ་བཞིན་ཡོད། དེར་བརྟེན་གཤམ་དུ་བདེ་ཐང་ངང་ལོ་སར་སྟངས་སྐོར་ངོ་སྤྲོད་ཅིག་བྱེད།

བྱིས་པའི་སྐོར།

གཅིག ལོ་སར་གྱི་སྐབས་སུ་བྱིས་པ་རྣམས་ཀྱིས་ཟས་འཇུ་མི་ཐུབ་པར་དོ་སྣང་བྱེད་དགོས།

ཟས་འཇུ་མི་ཐུབ་པ་ནི་བཟའ་བཏུང་མ་འཕྲོད་པ་ལས་བསླངས་པའི་བྱིས་པའི་ཆེས་རྒྱུན་མཐོང་གི་མཚེར་བ་དང་ཕོ་བའི་ནད་རིགས་ཤིག་ཡིན། དེའི་ནད་རྟགས་ནི་བྱིས་པའི་ཕོ་བ་སྦོས་བ་དང་བཤང་བ་སྐམ་པ་ཡིན། ལོ་སར་དང་དུས་ཆེན་གྱི་སྐབས་སུ་བྱིས་པར་རྟགས་དེའི་རིགས་འབྱུང་ཚད་ཆེས་མང་། རྟགས་དེ་སེལ་ཐབས་སུ། ཐོག་མར་བཟའ་བཏུང་ལ་ཚོད་འཛིན་དགོས། ལྷག་པར་དུ་སྐྱུགས་པ་དང་ཁོག་པ་བཤལ་བའི་སྐབས་སུ་ཧ་ལམ་དུས་ཚོད་བརྒྱད་ནས་བཅུ་གཉིས་བར་དུ་ཟ་མ་ཟ་རུ་མི་འཇུག་པ་དང་། ནད་བབ་ཅུང་ཇེ་དགར་སོང་རྗེས་ཁུ་དྭངས་སོགས་འཇུ་སླ་བའི་ཟས་རིགས་ཉུང་ཙམ་བྱིན་ཆོག དེ་ལྟར་ནད་རྟགས་ཅུང་ཡང་མོ་ཅན་གྱི་བཟའ་བཏུང་ལ་ཚོད་འཛིན་བྱས་ན་མྱུར་དུ་དྲགས་འགྲོ་མོད། ནད་བབ་ཅུང་ལྗིད་ན་ངེས་པར་དུ་སྨན་ཁང་ལ་འགྲོ་དགོས།

གཉིས། ནད་དུག་འགོ་བར་སྔོན་འགོག་བྱེད་དགོས།

ལོ་སར་གྱི་སྐབས་སུ་རྩེད་འཇོར་རོལ་བ་ཚད་ལས་བརྒལ་ན་བྱིས་པར་ནད་འབྱུང་སླ། ལོ་རེའི་ལོ་སར་དང་དུས་ཆེན་གྱི་སྐབས་སུ། སྨན་ཁང་གི་བྱིས་པའི་སྒོ་བསྟེན་ཚན་ཁག་ཏུ་ནད་པ་སྔར་ལས་ཇེ་མང་དུ་སོང་ཡོད། དེའི་རྒྱུ་རྐྱེན་གཙོ་བོ་ནི་ལོ་ན་ཆུང་བའི་བྱིས་པ་རྣམས་ཕ་མ་དང་མཉམ་དུ་ཕྱི་རོལ་དུ་སོང་ནས་རྩེད་འཇོར་རོལ་སྐབས། མི་མང་འདུ་སར་ནད་དུག་ཕོག་སླ། དེ་སྔོན་འགོག་བྱེད་ཐབས་ནི། ལོ་སར་གྱི་སྐབས་སུ་བྱིས་པར་ངལ་གསོ་རུ་འཇུག་པ་དང་། ལྷག་པར་དུ་ལོ་ན་ཅུང་ཆུང་བའི་བྱིས་པ་རྣམས་ཀྱི་ལུས་ཀྱི་རིམས་འགོག་ནུས་པ་ཅུང་ཞན་པས། ལུས་སྟོབས་ཇེ་ཞན་དུ་འགྲོ་རུ་འཇུག་མི་རུང་།

གསུམ། འཚིག་རྨས་ཐེབས་པར་མཉམ་འཇོག་བྱེད་དགོས།

དགུན་ཁར་ནམ་ཟླ་འཁྱགས་པའི་སྐབས་སུ། ཁྱིམ་ཚང་མང་པོས་ལྕགས་ཐབ་དང་དྲོད་རླངས་བཀོལ་བཞིན་ཡོད་ལ། ལྷག་པར་དུ་ཁྱིམ་ཚང་ལ་ལས་གློག་ཐབ་དང་སོལ་ཐབ་བཀོལ་བཞིན་ཡོད་པས། བྱིས་པར་འཚིག་རྨས་ཐེབས་པར་མཉམ་འཇོག་གང་ལེགས་བྱེད་དགོས།
དེ་ལས་གཞན་ད་དུང་མཉམ་འཇོག་བྱེད་དགོས་པ་ཞིག་ནི་བསྐོལ་མ་ཐག་པའི་བཟའ་བཏུང་དང་ཆུ་ཁོལ་གྱིས་བྱིས་པར་རྨས་སྐྱོན་བཟོ་བར་ཡང་མཉམ་འཇོག་བྱེད་དགོས།
ལོ་སར་གྱི་སྐབས་སུ་ཤོག་སྦག་སྣ་ཚོགས་བཀད་བཞིན་ཡོད་པས། དེས་ཀྱང་བྱིས་པའི་བདེ་ཐང་ལ་གནོད་སྐྱོན་གང་མང་བཟོ་བཞིན་ཡོད། དེ་བས་ཤོག་སྦག་དེ་བྱིས་པའི་ཐུག་རེག་བྱེད་མི་ཐུབ་སར་འཇོག་པ་དང་བྱིས་པ་གཅིག་པུར་ཤོག་སྦག་བཀད་དུ་འཇུག་མི་རུང་།

བཞི། ཁྱི་དང་ཞི་ལས་བྱིས་པར་གནོད་བསྐྱལ་བར་མཉམ་འཇོག་བྱེད་དགོས།

ལོ་སར་གྱི་སྐབས་སུ་ཁྱི་དང་ཞི་ལ་གསོས་ཡོད་པའི་ཁྱིམ་ཚང་དུ་སོང་ན། དེ་དག་གིས་བྱིས་པར་གནོད་བསྐྱལ་བར་མཉམ་འཇོག་བྱེད་དགོས། ཁྱི་དང་ཞི་ལས་བྱིས་པར་སོ་བཏབ་པ་དང་སྡེར་འབྲད་བྱས་རྗེས། མྱུར་དུ་འདག་རྫས་བཀོལ་ནས་རྨ་ཁར་ཐེངས་མང་བཀྲུས་བ་དང་ནད་དུག་མི་འགོ་བར་བྱེད་དགོས། ཆེས་གལ་ཆེ་བ་ནི། ཁྱི་དང་ཞི་ལས་སོ་བཏབ་པ་དང་སྡེར་འབྲད་བྱས་རྗེས། དུས་ཚོད་ཉེར་བཞིའི་ནང་ངེས་པར་དུ་ཚད་ལྡན་གྱི་སྨན་ཁང་ལ་སོང་ནས་ཁྱི་སྨྱོན་ནད་ཀྱི་འགོག་ཁབ་རྒྱག་དགོས། དེ་ལས་གཞན་ལོ་སར་གྱི་སྐབས་སུ་བྱིས་པར་ཆམ་ནད་ཕོག་པར་ཡང་མཉམ་འཇོག་གང་ལེགས་བྱེད་དགོས།

རྒན་པའི་སྐོར།

ལོ་ལོན་རྣམས་ལ་མཚོན་ནས་བཤད་ན། ལོ་སར་གྱི་སྔ་གཞུག་ཏུ་ཀླད་སྙིང་ཁྲག་རྩའི་ནད་འབྱུང་ཚད་ཆེས་མཐོ། ལོ་སར་གྱི་སྐབས་སུ། མི་རྣམས་ཀྱིས་དུས་རྒྱུན་དང་བསྡུར་ན་ཆང་འཐུང་བ་དང་། དུ་བ་འཐེན་པ། སྣུམ་ཟས་སྣུམ་ཆུའི་རིགས་བཅས་བསྟེན་ཚད་ཅུང་མང་ཞིང་། དེའི་ཁར་ད་དུང་ལུས་ཚེགས་ཆེ་བ་དང་རྩེད་འཇོར་རོལ་དྲགས་པ་བཅས་ལས། ཁྲག་ཤེད་དང་ཁྲག་ཚིལ། ཁྲག་མངར་སོགས་ཇེ་མཐོར་སོང་ནས། གློ་བུར་དུ་ཀླད་སྙིང་ཁྲག་རྩའི་ནད་རིགས་འབྱུང་སླ། དེ་བས་ལོ་སར་གྱི་སྐབས་སུ། རྒན་པ་རྣམས་ཀྱིས་རང་ལུས་བདེ་ཐང་ལ་དོ་སྣང་བྱེད་དགོས་ཤིང་། ལྷག་པར་དུ་སྙིང་ནད་དང་ཁྲག་ཤེད་མཐོ་བ་བཅས་ཀྱིས་ངེས་པར་དུ་མཉམ་འཇོག་བྱེད་དགོས་ཏེ།

གཅིག ཐང་ཆད་དྲགས་མི་རུང་།

ལོ་རེའི་ལོ་སར་གྱི་སྐབས་སུ། ཤ་ཉེ་མགྲོན་པོ་མང་པོ་ཡར་བསུ་མར་སྐྱེལ་བྱེད་དགོས་ཤིང་། རྩེད་འཇོའི་བྱ་འགུལ་གང་མང་ལ་ཞུགས་དགོས་པས་མི་རྣམས་བྲེལ་བ་ཧ་ཅང་ཆེ། ད་དུང་ཁྱིམ་མི་རྣམས་ལྷན་དུ་འཛོམས་པ་ལས་དགའ་དྲགས་པ་སོགས་རྒྱུ་རྐྱེན་མང་པོས་སྙིང་ཤ་ཁེགས་ཤི་དང་ཀླད་ཁྲག་ཤོར་བ། ཁྲག་ཤེད་ཇེ་མཐོར་འགྲོ་བ་སོགས་ནད་རིགས་གང་མང་སློང་ཉེན་ཆེ། དེ་བས་ཀླད་སྙིང་ཁྲག་རྩའི་ནད་ཡོད་པའི་ནད་པས་རང་ཉིད་ཀྱི་ལུས་ཕུང་བདེ་ཐང་གི་གནས་ཚུལ་ལ་གཞིགས་ནས། ཐང་ཆད་དྲགས་མི་རུང་བར་བྱ་འགུལ་སྣ་ཚོགས་ལ་འོས་འཚམ་སྒོས་ཞུགས་དགོས།

གཉིས། བཟའ་བཏུང་ལ་ཚོད་འཛིན་དགོས།

ལོ་སར་གྱི་སྐབས་སུ། ཟས་རིགས་སྣ་ཚོགས་ཀྱིས་སྡེར་ཁ་བཤམས་ཡོད་ནའང་། མང་བཟའ་མང་འཐུང་མི་བྱེད་པ་དང་། སྣུམ་ཟས་སྣུམ་ཆུའི་རིགས་དེ་འདྲ་བསྟེན་མི་རུང་། ཚན་རིག་ཞིབ་འཇུག་ལས་བདེན་དཔང་བྱས་པ་ལྟར་ན། མང་བཟའ་མང་འཐུང་བྱས་ན་འཇུ་བྱེད་དབང་བོའི་ཁུར་བོ་ཇེ་ལྗིད་དུ་སོང་སྟེ། ཁྲག་རྒྱུན་དེ་ཕོ་བ་དང་རྒྱུ་མའི་ནང་བཀག་ནས་ཀླད་སྙིང་སོགས་དབང་བོ་གཙོ་ཆེའི་རིགས་ལ་ཁྲག་དཀོན་པའི་སྣང་ཚུལ་བྱུང་ནས། སྙིང་གཟེར་ནད་འབྱུང་སླ། ལྷག་པར་དུ་སྣུམ་ཞགས་ཆེ་བའི་ཟས་རིགས་བསྟེན་དྲགས་ན། ཁྲག་ཚིལ་ཇེ་མཐོར་སོང་ནས་ཁྲག་རྒྱུན་ཇེ་འབག་ཏུ་གྱུར་བ་ལས་ཁྲག་རྒྱུན་ཇེ་དལ་དུ་གྱུར་ནས་སྙིང་ཤ་ཁེགས་ཤིའི་ནད་འབྱུང་སླ། ལོ་སར་གྱི་སྐབས་སུ་མང་བཟའ་མང་འཐུང་བྱས་ན་ད་དུང་ཁྲག་ཤེད་ཇེ་མཐོ་དང་མཁྲིས་ལམ་གྱི་ནད་རིགས་འབྱུང་བའམ་ཇེ་ལྗིད་དུ་གཏོང་སྲིད།

གསུམ། དུ་ཆང་དང་ཇ་རྒོད་ལ་འཛེམ་དགོས།

ལོ་སར་གྱི་སྐབས་སུ། མགྲོན་པོར་སྣེ་ལེན་བྱེད་སྐབས་དུ་ཆང་ལ་རོལ་བ་ནི་བཤད་མ་དགོས་པ་ཞིག་རེད། ཡིན་ནའང་དུ་ཆང་གི་ནང་དུ་གནོད་ལྡན་དངོས་རྫས་མང་པས་མིའི་ལུས་ཀྱི་ཁྲག་རྒྱུན་ནང་སོང་ན་ཁྲག་རྩ་འཁུམ་འདུ་བྱེད་དུ་འཇུག་པས་གློ་བུར་བའི་དོན་རྐྱེན་འབྱུང་ངེས། ཁྲག་ཤེད་མཐོ་བ་དང་སྙིང་གཟེར་ནད་པས་ལྷག་ཏུ་དུ་ཆང་ལ་མཉམ་འཇོག་དགོས། ཇ་འཐུང་དུས་ཀྱང་ཇ་ཅུང་དྭངས་མོ་འཐུང་བ་ལས་ཇ་རྒོད་འཐུང་ན་ཁྲག་རྩ་འཁུམ་དུ་བཅུག་ནས་སྙིང་ནད་སློང་སྲིད། དེ་བས་དུས་ཆེན་གྱི་སྐབས་སུ་དུ་བ་ཉུང་འཐེན་དང་ཆང་ཉུང་འཐུང་བྱེད་པ་དང་། སིལ་ཏོག་དང་སྔོ་ཚོད་ཀྱི་རིགས་མང་པོ་ཟོས་ནས་སྙིང་ཁམས་ཁྲག་རྩའི་ནད་རིགས་འབྱུང་བར་སྔོན་འགོག་བྱེད་དགོས།

བཞི། གཉིད་བཟང་བོ་ལོག་དགོས།

ཕྱི་རྒྱལ་གྱི་ཚན་རིག་པས་བདེན་དཔང་བྱས་པ་ལྟར་ན། གཉིད་ཀྱིས་མ་འདང་ན་ལུས་ཀྱི་ཁྲག་རྒྱུན་ནང་གི་མཁྲིས་རྒྱུ་གཤེར་རྩི་ཇེ་མཐོར་སོང་ནས་སྙིང་ཁམས་ཀྱི་ནད་འབྱུང་ཚད་ཀྱང་དེ་དང་བསྟུན་ནས་ཇེ་མཐོར་འགྲོ་སྲིད། ལོ་སར་གྱི་སྐབས་སུ་རོལ་རྩེད་ཀྱི་བྱ་འགུལ་མང་བས། དགོང་མོར་རྩེད་འཇོར་རོལ་ནས་གཉིད་ཆག་མི་རུང་བ་དང་། དགོང་མོ་གཉིད་ཁར་ཁ་བརྡ་མང་པོ་མི་བྱེད་པ་དང་སེམ་ཁམས་ལ་ཕོག་ཐུག་གཏོང་བའི་བརྙན་འཕྲིན་ལེ་ཚན་ལ་མི་བལྟ་བར་སེམས་ཁམས་ལྷོད་ལ་འབབ་དགོས་ཤིང་། དེ་མིན་མཚན་བསྐྱལ་ནས་ཤོག་ཕཱེ་རྩེད་པ་སོགས་གཏན་ནས་བྱེད་མི་རུང་། དགོང་མོར་དུས་ལྟར་གཉིད་པ་དང་། ཉིན་གུང་དུས་ཚོད་ཕྱེད་ཀ་ནས་དུས་ཚོད་གཅིག་ཙམ་ལ་གཉིད་ན་སྙིང་ནད་བྱུང་ཡོད་པའི་ནད་པར་ཧ་ཅང་ཕན།

ལྔ། མྱུར་སྐྱོབ་ཀྱི་སྨན་གྲ་སྒྲིག་བྱས་ནས་འཇོག་དགོས།

ལོ་སར་གྱི་སྐབས་སུ་བྲེལ་བ་ཆེ་ཞིང་འགྲོ་འདུག་ཉལ་ཆག་གི་གོ་རིམ་འཆོལ་བས། ཁྲག་ཤེད་མཐོ་བ་དང་སྙིང་གཟེར་གྱི་ནད་བྱུང་ཡོད་པའི་ནད་པས་ཁྲག་ཤེད་གཅོག་པའི་སྨན་དང་ཁྲག་རྩ་འབྱེད་པའི་སྨན། ཁྲག་ཚིལ་མར་ཕབ་པའི་སྨན་སོགས་བསྟེན་རྒྱུ་བརྗེད་མི་རུང་། ད་དུང་ལོ་སར་གྱི་སྐབས་སུ་མྱུར་སྐྱོབ་ཀྱི་སྨན་རྫས་གྲ་སྒྲིག་ལེགས་པོ་བྱས་ནས་འཇོག་དགོས། གལ་ཏེ་ནད་པར་སྙིང་གཟེར་ལངས་པ་དང་ཁྲག་ཤེད་གློ་བུར་དུ་ཇེ་མཐོར་སོང་ཚེ། མྱུར་སྐྱོབ་སྨན་རྫས་འཐུང་བ་དང་ཡང་ན་མྱུར་དུ་སྨན་ཁང་དུ་བསྐྱལ་དགོས་ལ། ནད་བབ་འགོར་འགྱངས་སུ་གཏོང་མི་རུང་།

ལོ་ཙཱ་བ། འབྲུག་མོ།