བོད་སོག་གསོ་བ་རིག་པ་ནི་བོད་རིགས་དང་སོག་རིགས་ཀྱི་ཡབ་མེས་རྣམས་ཀྱིས་དུས་ཡུན་རིང་པོར་ཐོན་སྐྱེད་དང་འཚོ་བའི་ལག་ལེན་ཁྲོད་དུ། སྤྱི་ཚོགས་ཁོར་ཡུག་དང་། ཐོན་སྐྱེད་བྱེད་སྟངས། འཚོ་བའི་གོམས་གཤིས། དེ་མིན་ས་བབ་དང་གནམ་གཤིས་དང་འཚམ་པའི་སྨན་བཅོས་བྱེད་ཐབས་དང་བདེ་སྲུང་ཤེས་བྱ་རིམ་བཞིན་བཀོལ་སྤྱོད་དང་སྤྱི་སྡོམ་བྱས་ནས་གྲུབ་པའི་མི་རིགས་གསོ་བ་རིག་པའི་གཞུང་ལུགས་ཀྱི་མ་ལག་ཅིག་རེད། བོད་སོག་གསོ་བ་རིག་པའི་སྲོལ་རྒྱུན་བཅོས་ཐབས་ལ་ལོ་རྒྱུས་ཀྱི་དུས་ཡུན་རིང་ཞིང་གཞན་ལས་ཁྱད་དུ་འཕགས་པའི་གཞུང་ལུགས་ཀྱི་མ་ལག་ཆགས་ཡོད་པར་མ་ཟད། ད་དུང་རང་བྱུང་སྨན་རྫས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། དམིགས་བསལ་གྱི་སྨན་སྤྱོད་སྟངས། ཚན་རིག་དང་མཐུན་པའི་འདུལ་སྦྱོང་བཟོ་རྩལ། ཞོར་སྐྱོན་ནུས་པ་ཉུང་ཞིང་རིན་གོང་བདེ་བ་སོགས་ཀྱིས་རིགས་སོ་སོའི་སྤུན་ཟླའི་དགའ་བསུ་དང་ཡིད་ཆེས་ཐོབ་ཡོད། ཉེ་བའི་ལོ་འགའི་རིང་ལ། བོད་སོག་གསོ་བ་རིག་པ་རྟ་རྒྱབ་ནས་ཞང་དང་གྲོང་རྡལ། གྲོང་ཁྱེར་དུ་འཕེལ་རྒྱས་སུ་སོང་བ་ཅུང་མགྱོགས་ཤིང་། རིམས་འགོག་སྨན་བཅོས་ཀྱིས་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་ཕྱོགས་ལ་ཚབ་བྱེད་མི་ནུས་པའི་བྱེད་ནུས་གང་ལེགས་འདོན་སྤྲོད་བྱས་དང་བྱེད་བཞིན་ཡོད།
བདེ་ཐང་ནི་བདེ་སྐྱིད་འཚོ་བའི་འབྱུང་གཞི་ཡིན།
གཅིག དུས་ཚིགས་རང་བཞིན་གྱིས་ལུས་ཟུངས་གསོ་བ།
བོད་ལུགས་ཀྱི་བརྩི་སྲོལ་ལྟར་ན་ཟླ་གཉིས་དུས་ཚིགས་གཅིག་ཏུ་བརྩིས་ནས་ལོ་རེར་དུས་ཚིགས་དྲུག་ཡོད་པའི་བཤད་སྲོལ་ཡོད། དེ་དག་ནི་དཔྱིད་དང་སོས་ཀ དབྱར་དང་སྟོན་ཁ། དགུན་དང་དགུན་སྨད་བཅས་ཡིན། དུས་ཚིགས་ཀྱི་འགྱུར་ལྡོག་དང་བསྟུན་ནས་མིའི་ལུས་ཕུང་ལའང་འགྱུར་བ་འབྱུང་གིན་ཡོད་པས། དུས་ཚིགས་རེར་ལུས་ཁམས་གསོ་ཐབས་མི་འདྲ་བ་རེ་ཡོད།
དཔྱིད།
དཔྱིད་དུས་ནི་བོད་རྩིས་ཀྱི་ཟླ་གཉིས་པ་དང་གསུམ་པ་ལ་ཟེར། སྐབས་དེ་ནི་གནམ་གཤིས་ཇེ་དྲོར་འགྲོ་བའི་དུས་ཡིན་པས། མིའི་ལུས་སྟེང་གི་དྲོད་ཀྱང་རིམ་བཞིན་ཕྱོགས་བཞིར་འཁྱམ་གྱིན་ཡོད་པས་ནད་འབྱུང་སླ་བ་རེད།
བཟའ་བཏུང་གི་སྐོར་ནས་ཁ་བ་དང་ཚ་བ། བསྐ་བ་སོགས་ཀྱི་ཟས་རིགས་བཟའ་བ་དང་། ལོ་འགོར་ཡོད་པའི་ནས་ཕྱེ་དང་སྐམ་ཤས་ཆེ་བའི་ས་ཁུལ་གྱི་འདབ་ཆགས་ཀྱི་ཤ། སྦྲང་རྩི། ཆུ་ཁོལ། བཅའ་སྒའི་ཁུ་བ་སོགས་ཟས་རགས་མོའི་རིགས་ཟོས་ན་བཟང་།
ཁང་པའི་ནང་དུ་འཛུལ་བ་ལས་ཕྱི་རོལ་ཏུ་འཆམ་འཆམ་བྱས་ན་ཕན་པ་དང་། གྲིབ་བསིལ་ཅན་གྱི་ལྡུམ་རའི་ནང་བསྡད་ན་ལེགས། མཚན་མོའི་གཉིད་གཅོག་པའི་ལས་མི་བྱེད་པ་དང་འགུལ་སྐྱོད་མང་པོ་བྱེད་པ་ནི་ཚེ་ཐག་རིང་ཞིང་ལུས་ཟུངས་གསོ་བའི་ཐབས་མཆོག་ཡིན། །
རྩོམ་སྒྲིག་པ། འབྲུག་མོ།