གཉེན་སྒྲིག་ཁར་ཕོ་མོ་ཕྱོགས་གཉིས་ཀྱི་ལུས་ཕུང་ལ་བརྟག་དཔྱད་བྱེད་དགོས་པའི་སྐོར།
2018.03.14 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 51

གཉེན་མ་སྒྲིག་སྔོན་དུ་ཕོ་མོ་གཉིས་ཀྱི་ལུས་ཕུང་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་བྱེད་དགོས་པར་མ་ཟད། སྔོན་ཆད་ནད་གང་དག་བྱུང་མྱོང་བ་དང་སོ་སོའི་ཁྱིམ་རྒྱུད་ནད་ཀྱི་བྱུང་རབས་བཅས་གསལ་བོར་དྲིས་ན། གཉེན་སྒྲིག་པ་དང་བྱིས་པ་བཙའ་བར་ཤུགས་རྐྱེན་ཐེབས་པའི་ནད་གཞི་ཡོད་མེད་ཐག་གཅོད་བྱེད་ཐུབ་ཅིང་། མི་རབས་རྗེས་མར་རྒྱུད་འདེད་རང་བཞིན་གྱི་ནད་གཞི་དང་འགོས་ནད་འབྱུང་མིན་སྔོན་དཔག་བྱེད་ཐུབ།

གཉེན་མ་སྒྲིག་སྔོན་དུ་ལུས་ཕུང་ལ་བརྟག་དཔྱད་བྱས་ནས་ཕོ་མོ་གཉིས་ཀའི་སུ་ཞིག་དང་། ཡང་ན་གཉིས་ཀར་རྒྱུད་འདེད་པའི་ནད་ཡོད་པ་ཤེས་་ན་གཉེན་སྒྲིག་བྱེད་ཆོག་མིན་དང་། བྱིས་པ་སྐྱེས་ཆོག་མིན་སོགས་ལ་སྨན་པས་མཛུབ་སྟོན་ཡང་དག་གནང་ཐུབ། གལ་ཏེ་ཕོ་མོ་གཉིས་ཀའམ་ཕྱོགས་གཅིག་ལ་ཚབས་ཆེ་བའི་རྒྱུད་འདེད་ནད་ཡོད་ན་མི་རབས་རྗེས་མར་ཡང་ནད་དེ་འབྱུང་ངེས་པས་གཉེན་སྒྲིག་ཆོག་པ་ལས་བྱིས་པ་བཙའ་མི་ཆོག གལ་ཏེ་ཕོ་མོ་གཉིས་ཀའམ་ཕྱོགས་གཅིག་ལ་འགོས་ནད་ཡོད་པ་དང་། ཡང་ན་སྐྱེ་འཕེལ་དབང་བོར་བཅོས་རུང་བའི་ནད་ཡོད་ཚེ་གནས་སྐབས་སུ་གཉེན་སྒྲིག་པའི་དུས་ཕྱིར་བསྣུར་བྱས་ནས་མ་བཅོས་ན། འགོས་ནད་དེ་རང་གི་བཟའ་ཟླ་ལ་བགོ་ངེས་པར་མ་ཟད། བུ་རོགས་བརྒྱུད་ནས་སྦྲུམ་བུ་ལའང་བགོ་ངེས་ཤིང་། སྐྱེ་འཕེལ་དབང་བོའི་ནད་དེས་ད་དུང་བཟའ་ཚང་གི་འཚོ་བར་ཡང་བར་ཆད་བཟོ་སྲིད། གལ་ཏེ་ཕོ་མོ་གཉིས་ཀ་བློ་རིག་རྟུལ་བོ་ཅན་ཡིན་ན་གཉེན་སྒྲིག་པའི་རྗེས་སུ་ཁྱིམ་ཚང་གི་འོས་འགན་འཁུར་མི་ཐུབ་ཅིང་བུ་ཕྲུག་སྙོར་སྐྱོང་བྱེད་པའི་ནུས་པའང་མེད། དེ་མིན་བུ་ཕྲུག་ཀྱང་བློ་རིག་རྟུལ་བོ་ཅན་ཏག་ཏག་ཡིན་པས། གཉེན་མ་སྒྲིག་ན་བཟང་། འདི་དག་ཐམས་ཅད་གཉེན་མ་སྒྲིག་སྔོན་དུ་ལུས་ཕུང་ལ་ཞིབ་བཤེར་བྱས་ན་ད་གཟོད་ཤེས་ཐུབ། དེའི་ཕྱིར་གཉེན་མ་སྒྲིག་གོང་ལ་ཕོ་མོ་གཉིས་ཀྱི་ལུས་ཕུང་ལ་ཞིབ་བཤེར་བྱེད་པ་ནི་གཙོ་བོ་མི་རབས་རྗེས་མའི་བདེ་ཐང་གི་ཆེད་ཡིན་པས་དེར་ཚང་མས་མཐོང་ཆེན་བྱ་འོས།

ཤ་ཉེ་འབྲེལ་བར་གཉེན་སྒྲིག་མི་ཆོག་པའི་རྒྱུ་མཚན་ཅི་ཡིན་ནམ།

ཤ་ཉེ་འབྲེལ་བར་གཉེན་སྒྲིག་པ་ཅེས་པ་ནི་བཟའ་ཟླ་གཉིས་ཀར་གཅིག་མཐུན་གྱི་མེས་པོ་ཡོད་ཅིང་དེ་གཉིས་ཀྱི་བར་དུ་ཁྲག་རྒྱུད་དམ་རུས་རྒྱུད་ཀྱི་འབྲེལ་བ་ཟབ་མོ་ཡོད་པ་ལ་ཟེར། ཐད་ཀའི་སྤུན་མཆེད་དང་མི་རབས་གསུམ་ནང་ཚུན་གྱི་རྒྱུད་འབྲེལ་སྤུན་མཆེད་བར་གཉེན་སྒྲིག་ན་མི་རབས་རྗེས་མར་གནོད་པ་སྟེ། དཔེར་ན་ཕ་སྤུན་ནམ་མ་སྤུན་མིང་སྲིང་གི་བར་དུ་གཉེན་སྒྲིག་ན་ཕ་མ་གཉིས་ཀའི་གཅིག་འདྲའི་གནོད་ལྡན་ནད་རྒྱུ་དེ་མི་རབས་རྗེས་མར་བརྒྱུད་སྤྲོད་བྱས་ནས། དེ་གཉིས་ཀྱི་བུ་ཕྲུག་ལ་རྒྱུད་འདེད་ནད་འབྱུང་བའི་གོ་སྐབས་ཧ་ཅང་མང་བར་མ་ཟད། བུ་རབས་ཀྱི་ནད་དེ་ཕ་མ་གཉིས་ལས་མངོན་གསལ་གྱིས་ཚབས་ཆེན་ཡིན། རང་གི་ཤ་ཉེ་ནང་ཁུལ་དུ་གཉེན་སྒྲིག་ན་བྱིས་པ་བཙས་མ་ཐག་ཤི་ཚད་ཅུང་མཐོ་ཞིང་། ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་དང་། ཀླད་མེད་བྱིས་པ། ཀླད་པར་ཆུ་བསགས་པ་ཅན། སྒལ་གཞུང་གས་པ་ཅན། བློ་རིག་ཞན་པའི་བྱིས་པ་སོགས་འབྱུང་ཚད་གཞན་ལས་ལྡབ་འགྱུར་གྱིས་མཐོ།

ནང་ཁུལ་དུ་གཉེན་སྒྲིག་ན་བྱིས་པར་རྒྱུད་འདེད་པའི་ནད་འབྱུང་ཚད་མཐོ་བའི་ཁར་མིའི་སྤུས་ཚད་ཀྱང་ཇེ་ཞན་དུ་འགྲོ་བས་མི་རིགས་ཀྱི་མི་སྤུས་ཕྱོགས་ལ་ཤིན་ཏུ་ནས་མི་ཕན། དེའི་ཕྱིར་ཁྱིམ་ཚང་གི་བདེ་སྐྱིད་དང་མི་རིགས་ཀྱི་མ་འོངས་པའི་ཆེད་དུ། རང་གི་ཤ་ཉེ་འབྲེལ་ནང་ཁུལ་དུ་གཉེན་སྒྲིག་པའི་གོམས་གཤིས་ངན་པ་འདི་ངེས་པར་དུ་འདོར་དགོས་ཤིང་། རྒྱལ་ཁབ་དང་མི་རིགས་ལ་ཚེ་རིང་ཞིང་ནད་མེད་པའི་མི་རབས་རྗེས་མ་སྐྱེད་སྲིང་བྱེད་པ་ནི་ང་ཚོ་ཐམས་ཅད་ཀྱི་འོས་འགན་ཡིན་ནོ། །

རྩོམ་སྒྲིག་པ། འབྲུག་མོ།