ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན་ནི་འཛམ་གླིང་གི་འདུས་འདྲིལ་གློ་གཅོང་ནད་འགོག་བཅོས་ཉིན་མོ་ཐེངས་ཉེར་གསུམ་པ་ཡིན་པ་དང་། ད་ལོའི་དྲིལ་སྒྲོག་གི་བརྗོད་སྙིང་གཙོ་བོ་ནི་འདུས་འདྲིལ་གློ་གཅོང་ནད་མཐའ་གཅིག་ཏུ་འགོག་བཅོས་བྱེད་པའི་འགུལ་སྤྱོད་སྤེལ་ཏེ་མཉམ་དུ་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་ཅེས་པ་དེ་ཡིན། གསར་འགོད་པས་ཞིང་ཆེན་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོར། མཚོ་སྔོན་ཞིང་ཆེན་གྱིས་ནད་པ་ངོས་འཛིན་བྱེད་པ་དང་བརྟག་དཔྱད་སྨན་བཅོས་ཚད་ལྡན་དུ་གཏོང་བ། གོ་རིམ་ཧྲིལ་བོར་དོ་དམ་བྱེད་པ། མི་སྣ་གཙོ་བོ་དང་ས་ཁུལ་གཙོ་བོ་བཅས་ཕྱོགས་བཞིའི་ཐད་ལ་ཤུགས་བསྣན་ཏེ་སྔར་ལས་ལྷག་པའི་སྒོ་ནས་འགོག་བཅོས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ་རེད།
མཚོ་སྔོན་ཞིང་ཆེན་གྱི་འདུས་འདྲིལ་གློ་གཅོང་ནད་པ་གཙོ་བོ་ཞིང་སྡེ་དང་འབྲོག་ཁུལ་དུ་ཡོད། དུས་ཡུན་རིང་བོའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྩ་འཛུགས་འགོ་ཁྲིད་དང་ནོར་སྲིད་དངུལ་གཏོང་། འཆར་འགོད་གཏན་ཁེལ། ནུས་ཤུགས་འཛུགས་སྐྲུན། ཐོན་ཁུངས་བཀོད་སྒྲིག་དང་སྨན་བཅོས་ཉེན་ཚབ་སོགས་ནས་མགོ་བརྩམས་ཏེ་འགོག་བཅོས་བྱ་བའི་ཤུགས་ཚད་ཇེ་ཆེར་བཏང་། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོས་འདུས་འདྲིལ་གློ་གཅོང་ནད་འགོག་བཅོས་འཆར་འགོད་གཏན་ཁེལ་བྱེད་པ་དང་འགོག་བཅོས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། ཤེས་ལྡན་མི་སྣའི་སྐྱེད་སྲིང་ལ་ཤུགས་སྣོན་པ། བདེ་ཐང་སློབ་གསོའི་དྲིལ་སྒྲོག་ལ་སྐུལ་འདེད་གཏོང་བ་སོགས་འགོག་བཅོས་བྱེད་ཐབས་གཏན་ཁེལ་བྱས་པ་བརྒྱུད། འདུས་འདྲིལ་གློ་གཅོང་ནད་ཀྱིས་རིགས་སོ་སོའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་བཟོས་པའི་གནོད་པ་དང་ཁུར་བོ་ཚད་མཐོན་པོས་ཇེ་ཡང་དུ་བཏང་བ་དང་འགོག་བཅོས་བྱ་བར་སྤྱི་ཚོགས་ཀྱི་ཁས་ལེན་ཐོབ། ཉིས་སྟོང་བཅུ་དྲུག་ལོ་ནས་ཉིས་སྟོང་བཅུ་བདུན་ལོའི་བར། བསྡོམས་པས་མི་ཁྲི་གསུམ་ལྷག་ལ་སྨན་རིན་སྟེར་མི་དགོས་པར་བརྟག་དཔྱད་བྱས་པ་དང་། བརྟག་དཔྱད་བྱས་ཏེ་འདུས་འདྲིལ་གློ་གཅོང་ནད་ཡོད་པར་ངོས་འཛིན་བྱས་པའི་ནད་པ་སྟོང་བརྒྱད་ཙམ་ལ་རིན་མི་དགོས་པར་སྨན་བཅོས་བྱས་པར་མ་ཟད། ཞིང་ཆེན་ཡོངས་སུ་གནས་གཏན་སྨན་བཅོས་སྡེ་ཁག་དང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྡེ་ཁག ནད་རིགས་ཚབས་ཆེན་འགོག་བཅོས་ཚོད་འཛིན་སྡེ་ཁག་བཅས་གནས་གསུམ་གཞི་གཅིག་གི་འདུས་འདྲིལ་གློ་གཅོང་ནད་འགོག་བཅོས་ཞབས་ཞུའི་མ་ལག་གསར་བ་ཐོག་པར་གྲུབ་པར་བྱས། མིག་སྔར། ཞིང་ཆེན་ཡོངས་སུ་བསྡོམས་པས་འདུས་འདྲིལ་གློ་གཅོང་ནད་ཀྱི་གནས་གཏན་སྨན་བཅོས་སྡེ་ཁག་ཞེ་དགུ་ཡོད་པ་དང་། རྫོང་རེ་རེ་ནས་ཆེས་ཉུང་ན་ཡང་འདུས་འདྲིལ་གློ་གཅོང་ནད་ཀྱི་གནས་གཏན་སྨན་བཅོས་སྡེ་ཁག་གཅིག་གཏན་ཁེལ་བྱས་ཡོད།
ད་ལོ་ནས་བཟུང་། འདུས་འདྲིལ་གློ་གཅོང་ནད་འགོག་བཅོས་བྱ་བ་སྔར་ལས་བཟང་བོར་བསྒྲུབ་ཆེད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་རིགས་སོ་སོའི་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གིས་འདུས་འདྲིལ་གློ་གཅོང་ནད་ཀྱི་ནད་བརྟག་ཡོད་པའི་ནད་པ་སོགས་གཙོ་བོར་བཟུང་སྟེ་བརྟག་དཔྱད་བྱེད་རྒྱུ་རེད། རིམ་པ་སོ་སོའི་གནས་གཏན་སྨན་བཅོས་སྡེ་ཁག་གིས་འདུས་འདྲིལ་གློ་གཅོང་ནད་པས་སྔོན་ལ་ནད་བརྟག་སྨན་བཅོས་བྱེད་པར་བཀོད་སྒྲིག་བྱེད་པ་དང་བསྐྱར་བཤེར་བྱེད་པ་དོན་འཁྱོལ་བྱས་ཏེ་འདུས་འདྲིལ་གློ་གཅོང་ནད་སངས་དྲག་འབྱུང་ཚད་ཇེ་མཐོར་གཏོང་རྒྱུ་རེད། ས་ཁུལ་སོ་སོས་ཁོངས་གཏོགས་ས་ཁུལ་གྱི་དོ་དམ་རྩ་དོན་གཞིར་བཟུང་ནས་འདུས་འདྲིལ་གློ་གཅོང་ནད་ཡོད་པར་ངོས་འཛིན་བྱས་པའི་ནད་པ་དང་ནད་བརྟག་ཡོད་མཁན་གྱི་ནད་པར་ཁྲིམས་ལྟར་དང་སྒྲིག་སྲོལ་ལྟར་གོང་རིམ་ལ་ཡར་ཞུ་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་འདུས་འདྲིལ་གློ་གཅོང་ནད་འགོག་བཅོས་བརྡ་འཕྲིན་ཐོ་འགོད་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ སློབ་གྲྭའི་འདུས་འདྲིལ་གློ་གཅོང་ནད་བྱུང་ཚད་ཀྱི་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་བཏང་སྟེ་སྔ་མོ་ནས་ནད་བརྟག་སྨན་བཅོས་བྱེད་རྒྱུ་རེད།
རྩོམ་སྒྲིག་པ། འབྲུག་མོ།