ཉེ་ཆར། རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུའུ་སོགས་སྡེ་ཁག་གསུམ་གྱིས་མཉམ་འབྲེལ་སྒོས་བརྡ་ཐོ་བཏང་ནས། སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དང་པོ་ནས་བཟུང་དུས་ཡུན་ལོ་གསུམ་གྱི་ནད་གཞི་ཚབས་ཆེན་རིགས་ལ་ཀྲུང་ཕྱི་ཟུང་འབྲེལ་གྱི་ནད་ཐོག་སྨན་བཅོས་ཀྱི་མཉམ་ལས་ཚོད་ལྟའི་ས་ཚིགས་འཛུགས་པའི་ལས་དོན་སྤེལ་རྒྱུ་དང་། རྣམས་གྲངས་ང་བརྒྱད་ཚོད་ལྟའི་རྣམ་གྲངས་ཀྱི་ཁོངས་སུ་བདམས་པ་དང་། གཅིན་པ་མངར་འགྱུར་གྱི་ནད་དང་འདུས་ནད། མཆིན་པའི་འབྲས་སྐྲན། ཀླད་ཁྲག་འགག་པ་སོགས་ནད་རིགས་སུམ་ཅུ་ལྷག་ཙམ་དེའི་ཁོངས་སུ་གཏོགས་ཡོད་པ་རེད།
བརྡ་ཐོའི་ནང་། ཚོད་ལྟའི་ལས་དོན་གྱིས་ཚབས་ཆེ་བའི་ནད་གཞི་གཙོ་བོའི་རིགས་ལ་ནད་ཐོག་སྨན་བཅོས་བྱས་ནས་ཕན་ནུས་ཐོན་པར་བྱེད་པ་དེ་དམིགས་ཡུལ་དུ་བཟུང་ནས། ཀྲུང་ཕྱི་ཟུང་འབྲེལ་གྱི་སྨན་བཅོས་ཐོན་ཁུངས་ལེགས་སྒྲིག་དང་། དགེ་མཚན་ཁ་གསབ། མཉམ་འབྲེལ་སྒོས་དཀའ་ནད་སེལ་བ། ཀྲུང་ཕྱི་སྨན་བཅོས་ཟུང་འབྲེལ་སྒོས་ནད་རིགས་འགོག་བཅོས་བྱེད་པའི་བསམ་གཞིགས་གསར་པ་དང་། ཐབས་ལམ་གསར་པ། རྣམ་པ་གསར་པ་བཅས་འཚོལ་ཞིབ་བྱེད་དགོས་པ་བསྟན་ཡོད།
པེ་ཅིན་ཀྲུང་ལུགས་སྨན་རྫས་སློབ་ཆེན་ཁྲིམས་ལུགས་སྡེ་ཁག་གི་སྨན་བཅོས་འཕྲོད་བསྟེན་ཕྱོགས་ཀྱི་ཁྲིམས་ལུགས་དགེ་རྒན་ཆེན་མོ་གཞོན་པ་ཏེང་ཡུང་གིས། ཐེངས་འདིའི་ཚབས་ཆེ་བའི་ནད་གཞི་གཙོ་བོའི་ཀྲུང་ཕྱི་ཟུང་འབྲེལ་གྱི་ནད་ཐོག་སྨན་བཅོས་མཉམ་ལས་ཚོད་ལྟའི་ས་ཚིགས་བསྐྲུན་པའི་སྐོར་གྱི་སྲིད་ཇུས་རབ་དང་རིམ་པས། ཀྲུང་ལུགས་སྨན་བཅོས་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་ཐེབས་བཞིན་ཡོད་ཅེས་བསྟན་ཡོད་པ་རེད།
ཐེངས་འདིའི་བརྡ་ཐོ་དང་མཉམ་དུ་པར་འགྲེམས་བྱས་པའི་ཚབས་ཆེ་བའི་ནད་གཞི་གཙོ་བོའི་ཀྲུང་ལུགས་དང་ཕྱི་ལུགས་སྨན་བཅོས་ཀྱི་ནད་ཐོག་སྨན་བཅོས་མཉམ་ལས་ཚོད་ལྟའི་རྣམས་གྲངས་ལག་བསྟར་བྱེད་ཐབས་ཞེས་པའི་ནང་། མཉམ་ལས་སྒྲིག་གཞིའི་འཛུགས་སྐྱོང་གི་ཐད། ཀྲུང་ལུགས་དང་ཕྱི་ལུགས་སྨན་བཅོས་མི་སྣའི་བར་མཉམ་ལས་དམ་ཟབ་ལྡན་པའི་མཉམ་བསྡུས་ནད་དཔྱད་དང་། མཉམ་འབྲེལ་སྒོ་བསྟེན་སྨན་བཅོས། མཉམ་འབྲེལ་ནད་ཁང་། མཉམ་འབྲེལ་སྒོས་ནད་རྟགས་ལ་གྲོས་བསྡུར་བྱེད་པ། རིག་གཞུང་མཉམ་འབྲེལ། ཀྲུང་ལུགས་དང་ཕྱི་ལུགས་སྨན་བཅོས་ཀྱི་མཐོ་རིམ་ཤེས་ལྡན་མི་སྣའི་བརྗེ་རེས་རྣམ་པའི་གསོ་སྐྱོང་སོགས་ཀྱི་མཉམ་ལས་རྣམ་པ་དང་སྨན་བཅོས་ལམ་ལུགས་འཛུགས་པ། ནད་བབ་སྔོན་འགོག་དང་སྨན་བཅོས་བྱེད་པ་ནས། དྲག་སྐྱེད་ཐུབ་པའི་གཞི་གཅིག་ཅན་གྱི་ཀྲུང་ལུགས་དང་ཕྱི་ལུགས་སྨན་བཅོས་མཉམ་འབྲེལ་གྱི་མཉམ་ལས་ཕྱོགས་བསྡུས་སྨན་བཅོས་ཞབས་ཞུ་ འདོན་སྤྲོད་བྱེད་དགོས་པ་བསྟན་ཡོད།
ཏེང་ཡུང་གིས། སྲིད་གཞུང་ལས་ཁུངས་དང་། སྨན་རྫས་འཕྲོད་བསྟེན་སྲིད་འཛིན་གཙོ་གཉེར་སྡེ་ཁག དེ་མིན་རྒྱ་ཆེའི་མང་ཚོགས་བཅས་ཀྱིས་ཀྱང་གཞོགས་འདེགས་དམ་པོ་བྱེད་དགོས་པ་དང་། ནད་གཞི་མགྱོགས་མྱུར་ངང་དྲག་སྐྱེད་འབྱུང་བ་དང་སྨན་བཅོས་ཀྱི་དཔལ་འབྱོར་ཁེ་ཕན་ཁོ་ནར་དམིགས་མི་རུང་ཞིང་། ཀྲུང་ལུགས་དང་ཕྱི་ལུགས་སྨན་བཅོས་བར་ཕན་ཚུན་རོགས་འདེགས་བྱེད་པའི་མཐུན་སྦྱོར་ལས་ཀའི་རིགས་ལེགས་པོར་སྒྲུབ་ནས། སྲིད་ཇུས་ལག་བསྟར་བྱེད་པར་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
རྩོམ་སྒྲིག་པ། འབྲུག་མོ།