མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྨན་རྫས་ཚོང་གཉེར་ཁེ་ལས་ཀྱི་འབུར་ཐོན་གནད་དོན་དག་ཐེར་དང་ལེགས་བཅོས་བྱེད་པའི་ཆེད་དོན་འགུལ་སྐྱོད་ཁྱོན་ཡོངས་ནས་སྤེལ་འགོ་བརྩམས།
2018.04.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་བཞི་བའི་ཚེས་བཞི་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཟས་རིགས་སྨན་རྫས་བདེ་འཇགས་གཞུང་སྒྲུབ་ཁང་དང་ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་གཉིས་ཀྱིས་བསྡུས་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། བདེ་ཐང་མཚོ་སྔོན་འཐབ་ཇུས་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྨན་རྫས་བདེ་འཇགས་ལྟ་སྐུལ་དོ་དམ་ཐད་ཀྱི་བཀོད་སྒྲིག་དང་རེ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སྨན་རྫས་སྡེབ་འཚོང་དང་སིལ་འཚོང་དུས་རིམ་ཁྲོད་གནས་པའི་འབུར་ཐོན་གནད་དོན་ཐག་གཅོད་པ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་སྨན་རྫས་བདེ་འཇགས་དང་ཕན་འབྲས་ལ་ཁག་ཐེག་བྱེད་ཆེད། ཚེས་བཞི་ཉིན་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་སྨན་རྫས་ཚོང་གཉེར་ཁེ་ལས་ཐད་གནས་པའི་འབུར་ཐོན་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་ཆེད་དོན་འགུལ་སྐྱོད་ཁྱོན་ཡོངས་ནས་སྤེལ་འགོ་བརྩམས།

རྒྱུས་ལོན་བྱུང་བ་ལྟར་ན། ཆེད་དོན་ལེགས་བཅོས་འགུལ་སྐྱོད་ཀྱི་སྤེལ་ཡུན་ཟླ་གསུམ་ཡིན་ལ། འགུལ་སྐྱོད་དེ་སྐུལ་སློང་བཀོད་སྒྲིག་དང་ཁེ་ལས་རང་བཤེར་ལེགས་བཅོས། ཞིབ་བཤེར་ལེགས་བཅོས། ལྟ་ཞིབ་ཚད་ལེན་དང་སྤྱི་སྡོམ་བཅས་དུས་རིམ་བཞི་རུ་བགོས་ནས་སྤེལ་རྒྱུ་རེད། འགུལ་སྐྱོད་སྐབས་སུ། ཞིང་ཆེན་ཡོངས་ཀྱི་སྨན་རྫས་སྡེབ་འཚོང་ཁེ་ལས་དོན་བརྒྱད་དང་སྨན་རྫས་སིལ་འཚོང་ཁེ་ལས་སྟོང་གཅིག་དང་བརྒྱད་བརྒྱ་ཉི་ཤུའི་སྨན་རྫས་བདེ་འཇགས་ཀྱི་གཙོ་གཞིའི་འགན་འཁྲི་དང་ཚོང་གཉེར་སྤྱོད་ཚུལ་སྔར་ལས་དོན་འཁྱོལ་བྱེད་པ་དང་ཚད་ལྡན་དུ་གཏོང་བ་དང་། ལས་གཉེར་སྨན་སྦྱོར་བས་ཞོར་དུ་ལས་ཀ་གཞན་པ་སྒྲུབ་ནས་ལས་གནས་སུ་མེད་པ་དང་། བསྡེབས་སྨན་སྨན་ཡིག་ལྟར་མི་འཚོང་བ། སྨན་རྫས་སྒྲིག་བཤམས་དང་གསོག་ཉར་ཐད་ནས་གཏན་ཁེལ་དང་མི་མཐུན་པ་སོགས་ཀྱི་འབུར་ཐོན་གནད་དོན་ཁྱོན་ཡོངས་ནས་ཐག་གཅོད་རྒྱུ་རེད། 2018ལོའི་ཟླ་བཞི་བའི་ཚེས་ཉི་ཤུ་ཉིན་གྱི་སྔོན་དུ་རང་འགུལ་གྱིས་གནད་དོན་འཚོལ་ཞིབ་བྱེད་པ་དང་། རང་ཁེ་ལས་ཀྱི་ལས་གཉེར་སྨན་སྦྱོར་བ་ཡོངས་ཀྱི་མིང་ཐོ་ཡར་ཞུ་བྱེད་པ། རང་འགུལ་གྱིས་མིང་ཟིན་ཞིང་ལས་གནས་སུ་མེད་པ་དང་། ཞོར་འགན་ཁུར་བའི་སྨན་སྦྱོར་བ་དག་ཁེ་ལས་ལས་ཕྱིར་ཕུད་པ། ཁྲིམས་འགལ་ལུགས་འགལ་གྱི་སྤྱོད་ཚུལ་གཞན་པ་ཡོ་བསྲང་བྱེད་པ་བཅས་བྱས་པའི་སྨན་རྫས་ཚོང་གཉེར་ཁེ་ལས་ལ། ཁྲིམས་ལྟར་ཆད་པ་ཡང་མོ་གཅོད་པ་དང་། ཡར་ཞུ་མི་བྱེད་པ་དང་རྫུན་བཤད་པ། ལྟ་སྐུལ་དོ་དམ་ལ་གཡོལ་བ། རང་བཤེར་ནན་མོ་མི་བྱེད་པ། དག་ཐེར་ལེགས་བཅོས་བཟང་བོ་མི་བྱེད་པ་མ་ཟད། མུ་མཐུད་དུ་ཁྲིམས་འགལ་ལུགས་འགལ་གྱི་ཚོང་གཉེར་བྱ་འགུལ་སྤེལ་བའི་ཁེ་ལས་ལ། འབྲེལ་ཡོད་ཁྲིམས་ལུགས་ལྟར་ཆད་གཅོད་ནན་མོ་བྱེད་རྒྱུ་ཡིན་པ་དང་། སྨན་རྫས་ཚོང་གཉེར་རྒྱུ་སྤུས་དོ་དམ་དང་ཚད་ལྡན་ཁས་ལེན་ཡི་གེ་མེད་པར་བཟོ་བ་དང་སྨན་རྫས་ཚོང་གཉེར་ཆོག་མཆན་ཡི་གེ་ཕྱིར་བསྡུ་བྱེད་རྒྱུ་ཡིན་ལ། དེ་མ་ཟད་ཡོངས་ཁྱབ་ཏུ་ཕྱིར་སྒྲོག་བྱེད་པ་དང་མིང་ཐོ་ནག་པོའི་ཁྲོད་བཞག་སྟེ་དོ་དམ་བྱེད་པ་དང་། མཉམ་འབྲེལ་ཆད་གཅོད་བྱེད་རྒྱུ་རེད།

ཆེད་དོན་ལེགས་བཅོས་སྐབས་སུ། ཞིང་ཆེན་སྲིད་གཞུང་ཟས་རིགས་སྨན་རྫས་བདེ་འཇགས་གཞུང་སྒྲུབ་ཁང་དང་ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་གཉིས་ཀྱིས་ཆེད་དོན་ལེགས་བཅོས་འགུལ་སྐྱོད་ཐད་ནས་རྩིས་ཐོ་མེད་པར་བཟོས་ནས་དོ་དམ་བྱེད་པ་དང་། ཆེད་དོན་ལྟ་སྐུལ་དང་ཞིབ་བཤེར་དང་། ཡུལ་དངོས་ལྟ་ཞིབ། མངོན་ཞིབ་ལྐོག་བཤེར་བཅས་ཀྱི་རྣམ་པ་སྤྱད་དེ་ས་ཆ་སོ་སོའི་ཆེད་དོན་ལེགས་བཅོས་འགུལ་སྐྱོད་སྤེལ་བའི་གནས་ཚུལ་ཐད་ནས་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱས་ཏེ། ཆེད་དོན་ལེགས་བཅོས་འགུལ་སྐྱོད་ཐད་ཀྱི་ལས་འགན་བྱེད་ཐབས་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་པར་ཁག་ཐེག་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། འབྲུག་མོ།