ཞང་སྡེའི་སྨན་བཅོས་ཆ་རྐྱེན་སྔར་ལས་འཐུས་ཚང་དུ་གཏོང་ཆེད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གིས་ཤེས་ལྡན་མི་སྣ་དང་ནོར་སྲིད་དངུལ་གཏོང་། དངོས་རྫས་རོགས་སྐྱོར་བཅས་ཀྱི་ཤུགས་ཚད་ཆེ་རུ་བཏང་བ་དང་། ན་ནིང་མ་དངུལ་སྒོར་བྱེ་བ་གཅིག་ཙམ་བཏང་སྟེ་ཚད་ལྡན་ཅན་གྱི་ཞང་སྡེའི་འཕྲོད་བསྟེན་ཁང་ལྔ་བཅུ་གསར་འཛུགས་དང་སྨན་བཅོས་སྒྲིག་ཆས་ཉོ་བའི་ཐད་བཀོལ་སྤྱོད་བྱས། དེའི་ཁྲོད་ཞང་སྡེའི་འཕྲོད་བསྟེན་ཁང་བཞི་བཅུའི་འཛུགས་སྐྲུན་འགོ་བརྩམས་པ་དང་སྤྱིའི་བཟོ་སྐྲུན་གྱི་བརྒྱ་ཆའི་དྲུག་ཅུ་ཡོངས་གྲུབ་བྱས་ཡོད་པར་མ་ཟད། སྔོན་དཔག་བྱས་ན། ད་ལོའི་ཟླ་བཅུ་བའི་ནང་བཀོལ་སྤྱོད་བྱེད་ཐུབ།
ན་ནིང་རྩེ་ཁོག་རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཅུའུ་ཡིས་རྫོང་ཡོངས་ཀྱི་འཕྲོད་བསྟེན་ཁང་རེ་དྲུག་ལ་ཆེད་ལས་ཀྱི་སྨན་བཅོས་སྒྲིག་ཆས་དང་འགྲིམ་འགྲུལ་ཡོ་བྱད་བཀོད་སྒྲིག་བྱས་པ་དང་། ཞང་གྲོང་སོ་སོའི་འཕྲོད་བསྟེན་ཁང་དུ་བོད་ལུགས་སྨན་བཅོས་ཁང་བཙུགས་ཏེ་བོད་ལུགས་གསོ་རིག་གི་ཆེད་ལས་ལག་རྩལ་མི་སྣ་དང་སྨན་བཅོས་སྒྲིག་ཆས་བཀོད་སྒྲིག་བྱས་པར་མ་ཟད། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་རུ་ཁག་རྩ་འཛུགས་བྱས་ཏེ་གཞི་རིམ་དུ་སོང་ནས་དབུལ་ཕོངས་ཁྱིམ་ཚང་གི་མི་སྣར་རིན་མེད་པར་ནད་བརྟག་སྨན་བཅོས་བྱས་པ་དང་། དབུལ་ཕོངས་ཁྱིམ་ཚང་གི་སྨན་བཅོས་ཆ་རྐྱེན་ལ་ཞིབ་བཤེར་བྱེད་པའི་བྱ་བ་སྤེལ།
རྒྱུས་ལོན་བྱུང་བ་ལྟར་ན། རྩེ་ཁོག་རྫོང་གི་སྨན་བཅོས་སྡེ་ཁག་སོ་སོས་དབུལ་ཕོངས་ཁྱིམ་ཚང་གི་ནད་པར་གཅིག་གྱུར་དོ་དམ་བྱེད་བཞིན་ཡོད་པ་དང་། དོ་དམ་བྱས་ཚད་བརྒྱ་ཆའི་བརྒྱ་རུ་སླེབས་ལ། དབུལ་ཕོངས་ཁྱིམ་ཚང་ལ་ཁྱིམ་ཚང་སྨན་པའི་མིང་འགོད་ཞབས་ཞུ་ཁེབས་ཚད་ཀྱང་བརྒྱ་ཆའི་བརྒྱ་རུ་སླེབས་ཡོད།
རྩོམ་སྒྲིག་པ། འབྲུག་མོ།