ཉིས་སྟོང་བཅོ་བརྒྱད་ལོ་ནི་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་བོད་སྨན་ལུགས་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་པའི་ལོ་ཞིག་ཡིན་པ་དང་།«ཉིས་སྟོང་བཅོ་བརྒྱད་ལོའི་ཞིང་ཆེན་ཡོངས་ཀྱི་ཀྲུང་བོད་སྨན་ལུགས་བྱ་བའི་གཙོ་གནད»ལྟར། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་གཞི་རིམ་གྱི་ཀྲུང་བོད་ལུགས་སྨན་བཅོས་ཞབས་ཞུའི་ནུས་ཤུགས་ཇེ་མཐོར་གཏོང་བའི་ལས་གཞི་ལག་བསྟར་བྱེད་པ་ཇེ་མགྱོགས་སུ་བཏང་ནས། སྡོད་ཁུལ་གྱི་འཕྲོད་བསྟེན་ཁང་གི་ཞབས་ཞུ་ལྟེ་གནས་དང་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་དུ་ཀྲུང་བོད་ལུགས་སྨན་ཁང་ཁྱོན་ཡོངས་ལ་ཁེབས་པར་མངོན་འགྱུར་ཡོང་བར་བྱ་རྒྱུ་ཡིན་པ་རེད།
གཞི་རིམ་གྱི་ཀྲུང་བོད་ལུགས་སྨན་བཅོས་ཆུ་ཚད་བརྟན་འཇགས་ངང་གོང་དུ་འཕེལ་བ།
ད་ལོའི་ཟླ་དང་པོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་སྐོར་ཐེངས་ལྔ་པའི་རིག་གནས་ཤུལ་བཞག་རྒྱུད་འཛིན་གྱི་དཔེ་སྟོན་མིང་ཐོ་གསལ་བསྒྲགས་བྱས་པ་དང་། ཡ་རྫི་རྫོང་གི་ཀྲུང་བོད་ལུགས་སྨན་ཁང་གི་སྲོལ་རྒྱུན་སྨན་བཅོས་བྱེད་ཐབས“དབྱུག་བཅོས་ཁྲིད་ལུང”སྔར་ལས་གཙིགས་སུ་འཛིན་རྒྱུ་ཡིན་པ་རེད། གཞི་རིམ་གྱི་ཀྲུང་བོད་ལུགས་སྨན་བཅོས་རྩལ་ནུས་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་ཆེད། ཉིས་སྟོང་བཅུ་གཉིས་ལོ་ནས་བཟུང་ཞིང་ཆེན་བོད་སྨན་ཁང་གིས་ཞིང་ཆེན་བོད་སྨན་ཁང་གཙོ་བྱས་ཏེ། ཡ་རྫི་རྫོང་ཀྲུང་བོད་སྨན་ཁང་དང་ཁྲི་ཀ་རྫོང་བོད་སྨན་ཁང་གི་འཕེལ་རྒྱས་གནས་བབ་གཏན་འཁེལ་བྱས་པ་རེད།དེ་དང་ཆབས་གཅིག་ཏུ་ཞིང་ཡོངས་ཀྱི་ཁུལ་དྲུག་དང་རྫོང་དྲུག་བཅས་བསྡོམས་པའི་སོག་བོད་སྨན་ཁང་བཅུ་གཉིས་ཙམ་ལ་ཁྱོན་ཡོངས་ནས་མི་རིགས་གསོ་རིག་སྨན་བཅོས་ཀྱི་མཉམ་འབྲེལ་སྒྲིག་གཞི་བཙུགས་ནས། སྨན་བཅོས་ཞབས་ཞུའི་མ་ལག་སྔར་ལས་མི་རིགས་སོ་སོའི་བདེ་ཐང་གི་དགོས་མཁོ་དང་འཚམས་པར་བྱས། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣས་བཤད་རྒྱུར། ང་ཚོས་ཁ་གཏད་རོགས་སྐྱོར་རུ་ཁག་རྩ་འཛུགས་བྱས་ནས་གཞི་རིམ་གྱི་སྨན་བཅོས་སྡེ་ཁག་སོ་སོ་ནས་རྩལ་ནུས་གསོ་སྦྱོང་དང་འཇོན་མི་གསོ་སྦྱོང་སོགས་སྨན་བཅོས་རྣམ་གྲངས་བརྒྱད་རྒྱ་བསྐྱེད་ལ། སྨན་བཅོས་ལག་རྩལ་གསར་པ་བཞི་རྒྱ་བསྐྱེད་པར་མ་ཟད།གཞི་རིམ་སྨན་ཁང་གི་སྨན་བཅོས་མི་སྣ་ཉི་ཤུ་ལྷག་ལ་ཟབ་སྦྱོང་བྱས་ཏེ། གཞི་རིམ་འཕྲོད་བསྟེན་ཁང་གི་སྨན་བཅོས་ཞབས་ཞུའི་ཆུ་ཚད་ཇེ་མཐོར་བཏང་བ་ཡིན་ཟེར།
ད་ལོར་ཀྲུང་བོད་ལུགས་སྨན་ཁང་ཞིང་ཆེན་ཡོངས་སུ་ཁེངས་པར་མངོན་འགྱུར་ཡོང་བར་བྱ་རྒྱུ་ཡིན་པ།
ཉིས་སྟོང་དགུ་ལོར་སྨན་བཅོས་ལམ་ལུགས་བཅོས་སྒྱུར་བྱས་པ་ནས་བཟུང་།རང་ཞིང་གིས་ས་གནས་ཀྱི་གནས་ཚུལ་དངོས་ལ་གཞིགས་ཏེ།བོད་ཀྱི་གསོ་རིག་སྨན་བཅོས་ཞབས་ཞུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་འགན་སྲུང་མ་ལག་ཁྲོད་ཞུགས་སུ་བཅུག་ནས།ཀྲུང་བོད་ལུགས་སྨན་བཅོས་ཞབས་ཞུའི་དྲ་རྒྱ་ཇེ་ལེགས་སུ་བཏང་པ་དང་།གཞི་རིམ་མང་ཚོགས་ཁྲོད་ཀྲུང་བོད་སྨན་བཅོས་ཞབས་ཞུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་རེད།
ད་ལོའི་དམིགས་འབེན་ནི་ཉིས་སྟོང་བཅོ་བརྒྱད་ལོར་ཞིང་ཆེན་ཡོངས་ཀྱི་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་སྡོད་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཁང་དུ་ཀྲུང་བོད་ལུགས་སྨན་ཁང་ཁེབས་ཚད་བརྒྱ་ཆའི་བརྒྱར་བསླེབས་པར་བྱ་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། འབྲུག་མོ།