རང་ཞིང་གིས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་དབང་བོ་སྐྱོན་ཅན་གཅིག་ཀྱང་བསྐྱུར་མི་རུང་ཞེས་པ་བརྗོད་གཞི་ཡིན་པའི་དྲིལ་སྒྲོག་བྱ་འགུལ་སྤེལ།
2018.05.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

སྤྱི་ཚོགས་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་བརྩེ་བ་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱུན་མཐུད་སྒོས་དབང་བོ་སྐྱོན་ཅན་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་བ། འབྱོར་ཕྱུག་དང་། རིག་གནས། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བཅས་བྱ་ཆེད། སྤྱི་ཟླ5པའི་ཚེས8ཉིན། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་མཐུན་ཚོགས་ཀྱིས“ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ན་དབང་བོ་སྐྱོན་ཅན་གཅིག་ཀྱང་རྗེས་སུ་བསྐྱུར་མི་རུང་བ”ཞེས་པ་བརྗོད་བྱ་ཡིན་པའི་དྲིལ་སྒྲོག་བྱ་འགུལ་སྤེལ་བ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་དྲིལ་སྒྲོག་བྱ་འགུལ་གྱིས་ཞིང་ཆེན་གྱི་གསར་འགོད་པ་དང་མཚོ་སྔོན་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་གི་གསར་འགོད་པ་མང་པོ་གདན་འདྲེན་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པ་དང་། དབང་བོ་སྐྱོན་ཅན་མཉམ་འབྲེལ་མཐུན་ཚོགས་བཙུགས་ནས་ལོ་འཁོར་སུམ་ཅུ་ལོན་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་ལས་གཞི་གལ་ཆེན་སོགས་དང་ཟུང་འབྲེལ་བྱས་པར་མ་ཟད། གཅིག་བསྡུས་སྒོས་ལོ་ལྔ་ཡི་རིང་རང་ཞིང་གི་དབང་བོ་སྐྱོན་ཅན་སྔོན་འགོག་དང་བདེ་ཐང་སླར་གསོ། ལས་ཞུགས་ལས་སྐྲུན་སོགས་ལས་དོན་ཐད་ལ་གྲུབ་འབྲས་བླངས་པ་དང་དབང་བོ་སྐྱོན་ཅན་གྱི་རང་བརྩོན་དཔེ་བཟང་། དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་སྔོན་ཐོན་ཅན་གྱི་སྡེ་ཁག་དང་སྔོན་ཐོན་ཅན་གྱི་མི་སྒེར་གྱི་དཔེ་སྟོན་བཟང་པོ་དང་། ཉམས་མྱོང་ལེགས་པོ། བྱེད་ཐབས་བཟང་པོ་སོགས་དྲིལ་སྒྲོག་བྱས་ནས་གསར་འགོད་པ་དང་། བཅར་འདྲི་ཚོགས་པས་དུས་ཡུན་གཟའ་འཁོར་གཅིག་རིང་གི་བཅར་འདྲི་བྱེད་པའི་གོ་རིམ་ཁྲོད། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སོགས་སུ་ཁྱོན་ཡོངས་ནས་བཅར་འདྲི་བྱས་ཏེ་གནས་ཚུལ་འགོད་རྒྱུ་རེད།  

རྩོམ་སྒྲིག་པ། འབྲུག་མོ།