དཔྱིད་ཀར་འབྱུང་ཚད་མཐོ་བའི་ནད་རིགས་ཀྱི་སྐོར།
2018.05.22 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 63

དཔྱིད་ཀ་ནི་འབྱིན་རྔུབ་མ་ལག་གི་ནད་རིགས་དང་། རིམས་ནད། མཆིན་ནད། གཞང་ལམ་གྱི་ནད། མིག་ནད་བཅས་འབྱུང་ཚད་ཆེས་མཐོ་བའི་དུས་ཚིགས་རེད།

གཅིག འབྱིན་རྔུབ་མ་ལག་གི་ནད་རིགས།

དཔྱིད་ཀའི་ནམ་ཟླར་འགྱུར་ལྡོག་ཆེ་ཞིང་། དཔྱིད་རླུང་གཡུགས་ཚད་མང་བས། དཔྱིད་ཀའི་ནད་རིགས་མང་པོ་ཞིག་རླུང་དང་འབྲེལ་བ་ཡོད་པ་རེད། མིའི་ལུས་ཟུངས་ཞན་པའམ་རྔུལ་ཆུ་བཞུར་བའི་སྐབས་སུ་རླུང་ནང་དུ་སོང་ན་ཆམ་ནད་འགོ་བའམ་གློ་ནད་སློང་སྲིད་པས། དཔྱིད་ཀར་ལུས་དྲོད་བསྲུངས་བར་དོ་སྣང་བྱེད་དགོས།
དཔྱིད་ཀར་ནམ་ཟླར་སྐམ་ཤས་ཆེ་ཞིང་ས་རྡུལ་མང་བས་ཁ་སྣ་སྐམ་ཞིང་ལུས་སྟོབས་ཇེ་ཞན་དུ་འགྲོ་བ་རེད། དེ་བས་ནད་འབུ་དང་ནད་དུག་མང་པོ་ལུས་སྟེང་དུ་བསྐྱེད་ནས་དབུགས་ལམ་མ་ལག་གི་ནད་རིགས་ཏེ། དཔེར་ན་དབུགས་ལམ་སྟོད་མའི་རེད་པ་དང་། ཆམ་རིམས། མྱུར་བའི་རང་བཞིན་དང་དལ་བའི་རང་བཞིན་གྱི་གློ་ཡུ་དང་གློ་ཡུའི་ཡན་ལག་གི་གཉན་ཚད་སོགས་འབྱུང་སྲིད། དེ་ལས་གཞན་དཔྱིད་ཀར་རླུང་འཚུབ་ཆེ་བ་ལས་མིའི་སེམས་ཁམས་མི་སྐྱིད་པ་དང་ཐང་ཆད་སླ་བ་དེ་ཡང་དབུགས་ལམ་མ་ལག་གི་ནད་རིགས་འབྱུང་ཚད་མཐོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད།
རྒན་པ་དང་བྱིས་པ་ཆུང་ངུའི་ལུས་སྟོབས་ཅུང་ཞན་པའི་ཁར། རྒན་པ་མང་ཆེ་བར་ད་དུང་ཁྲག་ཤེད་མཐོ་བ་དང་། སྙིང་གཟེར་ནད་དང་གཅིན་སྙིའི་ནད་སོགས་དལ་བའི་རང་བཞིན་གྱི་ནད་རིགས་ཡོད་པས། དཔྱིད་ཀར་ཆམ་ནད་འབྱུང་སླ། གལ་ཏེ་དུས་ཐོག་ཏུ་གསོ་བཅོས་མ་བྱས་ཚེ་དབུགས་ལམ་ལ་རེད་པ་བྱུང་ནས་གློ་བའི་གཉན་ཚད་དང་གློ་གཅོང་གི་ནད། གློ་བ་རླུང་སྐྲངས། གློ་སྙིང་ནད་སོགས་ནད་རིགས་སྣ་ཚོགས་འབྱུང་སྲིད།

གཉིས། རིམས་ནད།

དཔྱིད་ཀའི་ནམ་ཟླར་འགྱུར་ལྡོག་ཆེ་ཞིང་མིའི་ལུས་སྟེང་གི་རིམས་འགོག་ནུས་ཤུགས་ཇེ་ཞན་དུ་གྱུར་ཡོད་པས། རིམས་ནད་སྣ་ཚོགས་འབྱུང་སླ་ཞིང་བྱིས་པར་ལྷག་ཏུ་འབྱུང་ཚད་མཐོ།

1.ཆམ་རིམས། ཆམ་རིམས་ནི་ཆམ་རིམས་ཀྱི་ནད་དུག་གིས་བསླངས་པའི་མྱུར་བའི་རང་བཞིན་གྱི་རིམས་ནད་ཅིག་ཡིན་པས། དེ་ལ་འགོས་མཆེད་ཀྱི་ཚད་ཧ་ཅང་མཐོ། ཆམ་རིམས་ཀྱི་མངོན་རྟགས་གཙོ་བོ་ནི་ཚ་རྒྱས་པ་དང་། མགོ་ན་བ། སྣ་ཆུ་བཞུར་བ། མིད་པ་ན་བ། ལུ་བ་བཅས་འབྱུང་བར་མ་ཟད། དེ་དང་བསྡོངས་ནས་ལུས་ཡོངས་ཀྱི་ཤ་གྲིམ་དང་རུས་ཚིགས་ན་བ་ཡིན། སྐབས་འགར་ད་དུང་ཅུང་ལྕི་བའི་གློ་བའི་གཉན་ཚད་དམ་ཕོ་རྒྱུའི་རང་བཞིན་གྱི་ཆམ་རིམས་ཀྱི་མངོན་རྟགས་འབྱུང་བའང་ཡོད། དེའི་མི་མངོན་པའི་དུས་ནི་ཉིན་གཅིག་ནས་གསུམ་ཙམ་ཡིན་ཞིང་། ཕན་ཚུན་ལ་འགོ་བའི་དུས་ནི་ཐོག་མའི་གཟའ་འཁོར་གཅིག་གི་ནང་ཡིན། འགོ་ལམ་ནི་མཁའ་དབུགས་གཙོ་ཡིན་ཞིང་ནད་དུག་གིས་བརྫད་སྐྱོན་ཐེབས་པའི་དངོས་རྫས་བརྒྱུད་ནས་འགོ་བའང་ཡོད།

2.འགྲམ་རྨེན་གཉན་རིམས། དེ་ནི་འགྲམ་རྨེན་གཉན་ཚད་ཀྱི་ནད་དུག་གིས་བསྐྱེད་པའི་མྱུར་བའི་རང་བཞིན་དང་ལུས་ཡོངས་རང་བཞིན་གྱི་རེད་པའི་རིམ་ནད་ཅིག་རེད། དེའི་མངོན་གསལ་གྱི་ནད་རྟགས་ནི་ཚ་རྒྱས་པ་དང་། ལུས་ཡོངས་མི་བདེ་བ། འགྲམ་པ་སྐྲངས་ཤིང་ན་ཟུག་ལངས་ལ། སྤྱིར་གཟའ་འཁོར་གཉིས་ཙམ་འགོར་རྗེས་དྲག་འགྲོ། ཚབས་ཆེ་བའི་ནད་པར་ད་དུང་དེ་དང་བསྡོངས་ནས་རྒྱ་དར་ཀླད་ཚད་དང་མྱུར་བའི་རང་བཞིན་གྱི་འགྲམ་རྨེན་གཉན་ཚད་སོགས་འབྱུང་སྲིད། འགྲམ་རྨེན་གཉན་ཚད་བྱུང་བའི་ནད་པ་དང་མི་མངོན་པའི་རང་བཞིན་གྱི་རེད་པ་བྱུང་བའི་ནད་པ་ནི་ནད་རིགས་དེ་འགོ་བའི་འབྱུང་ཁུངས་ཡིན་ཞིང་། མཁའ་དབུགས་ཀྱི་ཁྲོད་ནས་ནད་དུག་བདེ་ཐང་གི་མི་ལ་འགོས་པ་རེད།

3.ཀླད་རིམས། དེ་ནི་ཀླད་རྒྱུངས་སྐྱི་མོའི་གཉན་རིམས་ཏེ་རྒྱ་དར་ཚ་ནད་ཟླུམ་ཟུང་སྲིན་གྱིས་བསྐྱེད་པ་རེད།
མྱུར་བའི་རང་བཞིན་གྱི་དབུགས་ལམ་གྱི་ནད་དེ་ཕན་ཚུན་ལ་འགོ་ཚད་ཅུང་མཐོ། ཀླད་རིམས་དེ་ཐོག་མར་འབྱུང་སྐབས་ཆམ་ནད་དང་འདྲ་བར། སྣ་ཆུ་བཞུར་བ་དང་། ལུ་བ། མགོ་ན་བ། ཚ་རྒྱས་པ་སོགས་ཀྱི་ནད་རྟགས་འབྱུང་སྲིད། ནད་དུག་ཀླད་ཆུ་ནང་དུ་སོང་རྗེས་མགོ་དྲག་ཏུ་ན་བ་དང་། ཚ་ཆེན་པོ་ལངས་པ། སྐེ་མཇིངས་རེངས་པོར་འགྱུར་བ། སྐྱུག་པ་བཅས་ཀྱི་མངོན་རྟགས་འབྱུང་བར་མ་ཟད། ཐ་ན་བརྒྱལ་འགྲོ་བའི་ཉེན་ཁའི་མངོན་རྟགས་ཀྱང་འབྱུང་། ནད་དེའི་མཆེད་ཁུངས་ནི་ཀླད་རིམས་བྱུང་བའི་ནད་པ་དང་ཡང་ན་འདབ་ཆགས་བྱ་རིགས་ཡིན་པ་དང་། རྒྱུན་པར་མཁའ་དབུགས་ཁྲོད་ཀྱི་མཆིལ་ཟགས་བརྒྱུད་ནས་ཐད་ཀར་འགོས་པ་རེད།

4.ཆུ་ཐོར། ཆུ་ཐོར་ནི་ཕན་ཚུན་འགོ་ཚད་ཆེས་མཐོ་བའི་ནད་རིགས་ཤིག་ཡིན་ཞིང་། དེ་ནི་ཐག་དབྱིབས་ཆུར་འབྲུམ་ནད་དུག་གིས་བསྐྱེད་པ་རེད། དེའི་མངོན་རྟགས་གཙོ་བོ་ནི་ཚ་རྒྱས་པ་དང་ངལ་དུབ་འབྱུང་བ། ཡི་ག་མེད་པ་བཅས་ཡིན། ཚ་རྒྱས་པའི་དུས་མཚུངས་སམ་ཡང་ན་ཕྱི་ཉིན་དམར་འབྲུམ་འབྱུང་བ་དང་། དེ་ནས་དུས་ཚོད་འགའ་འགོར་རྗེས་ཆུ་བུར་ཆུང་ངུར་འགྱུར་འགྲོ། ཆུ་བུར་དེ་གཙོ་བོར་བྲང་ཁ་དང་གསུས་རྒྱབ། མགོ་དང་རྐང་མཐིལ། ལག་ངོས་བཅས་སུ་འབུད་པ་དང་དེ་ལ་ཟ་འཕྲུག་ལངས་སྲིད། སྤྱིར་ཉིན་བདུན་ནས་བཅུའི་ནང་དུ་དྲག་འགྲོ་བ་ཡིན། ནད་དེའི་མཆེད་ཁུངས་གཙོ་བོ་ནི་ཆུ་ཐོར་བྱུང་ཡོད་པའི་ནད་པའི་དབུགས་ལམ་གྱི་མཆིལ་ཟགས་དང་ཡང་ན་ཆུ་ཐོར་གྱི་ནད་དུག་གིས་བརྫད་སྐྱོན་ཐེབས་པའི་དངོས་རྫས་ལས་བགོས་པ་རེད།

5.རླུང་འབྲུམ། དེ་ནི་རླུང་འབྲུམ་ནད་དུག་གིས་བསྐྱེད་པའི་མྱུར་བའི་རང་བཞིན་གྱི་རིམས་ནད་ཅིག་ཡིན། གཙོ་བོར་མཁའ་དབུགས་ཁྲོད་ཀྱི་མཆིལ་ཟགས་དང་དུས་རྒྱུན་གྱི་འབྲེལ་འདྲིས་ཟབ་མོ་ལས་འགོས་པ་རེད། ནད་དུག་དེ་མིའི་ལུས་སྟེང་དུ་ཁྱབ་ནས་ཧ་ལམ་གཟའ་འཁོར་གཉིས་ཙམ་འགོར་རྗེས་ད་གཟོད་ལུས་ཡོངས་མི་བདེ་བའི་ཚོར་བ་འབྱུང་བ་དང་། དེ་ནས་ཚ་རྒྱག་པ་དང་རྣ་རྒྱབ་དང་སྐེ་མཇིངས། རྨེན་མདུད་བཅས་སྐྲངས་པ་དང་འབྲུམ་ཐོར་དམར་པོ་འབྱུང་སྲིད་པར་མ་ཟད། མྱུར་དུ་ལུས་ཡོངས་སུ་མཆེད་ནས་ཟ་འཕྲུག་ལངས་པ་ཡིན། སྦྲུམ་མར་རླུང་འབྲུམ་གྱི་ནད་དུག་བྱུང་ཚེ། སྦྲུམ་བུ་ཡ་མ་གཟུགས་སུ་བསྒྱུར་སྲིད་པ་དང་ཟླ་ཁ་མ་ལོངས་པར་སྐྱེས་པའམ་ཡང་ན་ཤི་བའི་ཉེན་ཁའང་འབྱུང་སྲིད། རླུང་འབྲུམ་བྱུང་བའི་ནད་པ་དང་རླུང་འབྲུམ་གྱི་ནད་དུག་ལུས་སུ་ད་དུང་ཕྱིར་མངོན་མེད་པའི་མི་ནི་ནད་དེའི་མཆེད་ཁུངས་གཙོ་བོ་ཡིན།

6.སིབ་བུ། དེ་ནི་སིབ་བུའི་ནད་དུག་གིས་བསྐྱེད་པའི་མྱུར་བའི་རང་བཞིན་གྱི་རིམས་ནད་ཅིག་ཡིན། དེ་ཡང་ནད་པའི་དབུགས་ལམ་གྱི་མཆིལ་ཟགས་བརྒྱུད་ནས་ཕན་ཚུན་ལ་འགོས་པ་རེད། སིབ་བུ་འགོས་རྗེས་ཐོག་མའི་ཉིན་གསུམ་གྱི་ནང་ཚ་རྒྱག་པ་དང་། ལུ་བ། སྣ་ཆུ་དང་མིག་ཆུ་བཞུར་བ། འོད་ལ་བལྟ་མི་ཐུབ་པ། ཁའི་ནང་འགྲམ་དུ་འབྲུམ་ཐོར་སྐྱ་བོ་འབྱུང་སྲིད། དེར་མཐུད་ནས་ཚ་ཆེན་པོ་རྒྱག་པ་དང་། མགོ་བོའི་སྟེང་དུ་འབྲུམ་ཐོར་དམར་པོ་བུད་དེ་ལུས་ཡོངས་སུ་མཆེད་སྲིད།
ལུས་ཐོག་དང་རྐང་ལག་གི་ངོས་སུ་འབྲུམ་ཐོར་བུད་ནས་ཉིན་གསུམ་འགོར་རྗེས། ལུས་ཀྱི་ཚ་དྲོད་རིམ་གྱིས་རྒྱུན་ལྡན་དུ་འགྱུར་སྲིད་ཅིང་། པགས་འབྲུམ་དེའང་རིམ་གྱིས་མེད་པར་འགྱུར་འགྲོ།

7.ཚ་རིམས་དམར་སྐྱ། ཚ་རིམས་དམར་སྐྱ་ནི་ཕྲེང་ཟླུམ་སྲིན་གྱིས་བསྐྱེད་པའི་མྱུར་བའི་རང་བཞིན་གྱི་དབུགས་ལམ་གྱི་འགོ་ནད་ཅིག་ཡིན། དེའི་ཐོག་མའི་ནད་རྟགས་ལ་ཚ་རྒྱས་པ་དང་ངོ་གདོང་དམར་པོར་འགྱུར་བ། མིད་པ་དམར་པོར་འགྱུར་བ། མགོ་ན་བ། སྐྱུག་མེར་ལངས་པ། སྐྱུག་པ་སོགས་འབྱུང་། སྤྱིར་ཉིན་གཉིས་ཙམ་ལ་ཚ་བརྒྱབ་རྗེས་རྣ་རྒྱབ་དང་སྐེ་མཇིངས་སུ་པགས་འབྲུམ་འབྱུང་བ་དང་དེ་ནས་མྱུར་དུ་ལུས་ཡོངས་སུ་མཆེད་སྲིད། ནད་དའི་མཆེད་ཁུངས་ནི་ཚ་རིམས་དམར་སྐྱ་བྱུང་ཡོད་པའི་ནད་པ་དང་ཡང་ན་ནད་དེའི་ནད་དུག་འགོས་ཡོད་པའི་མི་ཡིན་ཞིང་། གཙོ་བོར་དབུགས་ལམ་གྱི་མཆིལ་ཟགས་བརྒྱུད་ནས་འགོས་པ་རེད།

8.འབྲེལ་སྐྱིའི་གཉན་ཚད། དེ་ནི་ནད་འབུ་དང་ནད་དུག་སོགས་ཀྱིས་བསྐྱེད་པའི་འབྲེལ་སྐྱིའི་གཉན་ཚད་ཅིག་ཡིན་ཞིང་། མཁའ་དབུགས་དང་རྡུལ། ཆུའམ་ཡང་ན་བརྫད་སྐྱོན་ཐེབས་པའི་དངོས་རྫས་ལས་འགོས་པ་རེད། དཔྱིད་ཀར་ད་དུང་རྒྱུན་པར་ཚོར་ཐལ་རང་བཞིན་གྱི་འབྲེལ་སྐྱིའི་གཉན་ཚད་འབྱུང་བ་དེ་ནི་མེ་ཏོག་གི་ཟེའུ་འབྲུ་དང་ཟེའུ་རྡུལ་སོགས་ཀྱིས་བསྐྱེད་པའི་མིག་ནད་རིགས་ཤིག་རེད། དེ་གཙོ་བོར་དཔྱིད་ཀར་མེ་ཏོག་བཞད་པའི་སྐབས་སུ་འབྱུང་ཚད་ཆེས་མཐོ་ཞིང་ཚབས་ཆེ་ན་དེས་ད་དུང་མིག་ནད་གཞན་དག་ཀྱང་སློང་སྲིད། འབྲེལ་སྐྱིའི་གཉན་ཚད་བྱུང་བའི་སྐབས་སུ། མིག་ནང་དུ་ཐོག་རེག་གི་ཚོར་བ་ཡོད་ཅིང་། མིག་ཆུ་དང་མིག་སྐྱག་ཇེ་མང་དུ་འགྲོ་བ། མིག་མི་གསལ་བ། འོད་ལ་བལྟར་མི་བཟོད་པ། མིག་ལ་ཟ་འཕྲུག་ལངས་པ། མིག་ཆུ་བཞུར་བ། མགོ་ན་བ་བཅས་ཀྱི་རྟགས་འབྱུང་ཞིང་། ཚབས་ཆེ་དུས་མིག་སྐྱི་རལ་ཟགས་བྱུང་ནས་མིག་ཤེད་ཆེ་ཆེར་ཉམས་སྲིད།

གསུམ། མཆིན་ནད།
དཔྱིད་ཀར་མཆིན་ནད་དམ་མཆིན་པ་དང་འབྲེལ་བའི་ནད་རིགས་སྣ་ཚོགས་འབྱུང་སླ་ཞིང་། དལ་བའི་རང་བཞིན་གྱི་མཆིན་ནད་དམ་ཡང་ན་ལུས་སྟོབས་ཞན་པའི་མི་བཅས་ལ། མཚེར་བ་དང་ཕོ་བའི་ནད་དང་། མཆིན་ཚད་སོགས་ནད་རྙིང་འཕར་སླ། ནད་དུག་རང་བཞིན་གྱི་མཆིན་ནད་ནི་བདེ་ཐང་ལ་ཆེས་གནོད་པའི་རྒྱུན་མཐོང་གི་ནད་རིགས་གྲས་ཀྱི་གཅིག་ཡིན། དཔྱིད་ཀར་མཆིན་ནད་ཀ་པ་འབྱུང་ཚད་མཐོ་ཞིང་དེ་ནི་མྱུར་བའི་རང་བཞིན་གྱི་འགོས་ནད་ཅིག་ཡིན། མཆིན་ནད་ཀ་པ་ནི་མཆིན་ནད་ཀ་པའི་ནད་དུག་གིས་བསྐྱེད་པ་དང་། དེ་ནི་མཆིན་ནད་ཀ་པ་བྱུང་ཡོད་པའི་ནད་པ་དང་དུས་རྒྱུན་འཚོ་བའི་ཁྲོད་འབྲེལ་འདྲིས་བྱས་པ་ལས་ཕན་ཚུན་ལ་འགོས་པ་རེད། ད་དུང་ལོ་སར་གྱི་སྐབས་སོགས་ཕན་ཚུན་མཉམ་འཛོམས་བྱས་ནས་ཟས་རིགས་ལས་འགོས་པའང་ཡོད།

མཆིན་ནད་ཀ་པའི་ནད་དུག་འགོས་རྗེས་ནད་ཐོག་ནས་བལྟས་ན་མི་རེ་རེར་མངོན་རྟགས་འདྲ་མིན་སྣ་ཚོགས་འབྱུང་སྲིད་དེ། ལ་ལར་ཚ་རྒྱག་པ་དང་། ཐང་ཆད་པ། ཟས་ཟ་མར་ཡི་ག་མེད་པ། སྐྱུག་མེར་ལངས་པ། མཆིན་པའི་གནས་སུ་ན་ཟུག་གཏོང་བ། རུས་ཚིགས་ན་བ། སྐྱུགས་པ། ཁོག་པ་སྦོས་པ་དང་བཤལ་བ་སོགས་འབྱུང་། གཟའ་འཁོར་གཅིག་འགོར་རྗེས་ལུས་ཡོངས་དང་ཡང་ན་གནས་གཅིག་ཏུ་སེར་ཤ་ཆགས་པ་དང་དྲི་ཆུའི་མདོག་ཀྱང་སེར་པོར་འགྱུར་སྲིད། མི་ལ་ལར་ད་དུང་གཟའ་འཁོར་གཉིས་ནས་དྲུག་ཙམ་འགོར་རྗེས་ད་གཟོད་ནད་རྟགས་ཕྱིར་མངོན་པའང་ཡོད། ལ་ལར་ནད་རྟགས་ཡང་ཞིང་ཐ་ན་མི་བདེ་བའི་མངོན་རྟགས་ཅི་ཡང་འབྱུང་མི་སྲིད།

གཞང་འབྲུམ། གཞང་འབྲུམ་ཡང་དཔྱིད་ཀར་འབྱུང་སླ། མི་བཅུ་ལས་མི་དགུ་ལ་གཞང་འབྲུམ་འབྱུང་བའི་བཤད་སྲོལ་ཡོད་པས། གཞང་འབྲུམ་གྱིས་མི་རྣམས་ཀྱི་བདེ་ཐང་ལ་གནོད་པ་ཚབས་ཆེན་སྐྱེལ་བཞིན་ཡོད། གཞང་འབྲུམ་ལའང་གཞང་ཁའི་ནང་འབྲུམ་དང་ཕྱི་འབྲུམ། ཕྱི་ནང་གཉིས་ཀའི་འབྲུམ་བཅས་རིགས་འགའ་ཡོད། ཕྱི་འབྲུམ་དེ་གཞང་ཁའི་ཕྱི་ངོས་སུ་ཡོད་ཅིང་། སྤྱིར་གཉན་ཚད་རྒྱས་མེད་པའི་སྐབས་སུ་མངོན་རྟགས་གསལ་བོ་ཞིག་མེད། ཁྲག་རྒྱུན་བརྡོལ་ནས་ཁྲག་བཞུར་བའི་སྐབས་སུ་ན་ཟུག་དྲག་པོ་ལངས་སྲིད། ནང་འབྲུམ་དེ་གཞང་ཁའི་ནང་ངོས་སུ་ཡོད་ཅིང་། རྒྱུན་པར་བཤང་བ་འབབ་སྐབས་ཁྲག་བཞུར་སྲིད། གལ་ཏེ་དུས་ཐོག་ཏུ་གསོ་བཅོས་མ་བྱས་པར་ཡུན་རིང་འགོར་ཚེ། ནང་འབྲུམ་དེ་ཕྱིར་མངོན་སྲིད། ཕྱི་ནང་གཉིས་ཀའི་འབྲུམ་གྱི་མངོན་རྟགས་ནི་གོང་གི་ཕྱི་འབྲུམ་དང་ནང་འབྲུམ་གྱི་མངོན་རྟགས་དང་གཅིག་མཚུངས་ཡིན།

བཞི། གཞན་དག གཞང་ཁའི་རློན་འབྲུམ་དང་ཚོར་ཐལ་རང་བཞིན་གྱི་ལོང་གའི་གཉན་ཚད། རྩ་སྐམ་པ་སོགས་ཀྱི་ནད་རིགས་དག་སྐབས་འགར་འབྱུང་སྲིད་པས། མི་རྣམས་ཀྱི་ལས་ཀ་དང་སློབ་སྦྱོང་སོགས་ལ་གནོད་པ་ཆེན་པོ་བཟོ་སྲིད།
གཞང་ལམ་གྱི་ནད་རིགས་དེ་དུས་ཐོག་དང་སྔ་མོ་ནས་གསོ་བཅོས་ལེགས་པོ་བྱེད་པ་ལས། འགོར་འགྱངས་སུ་གཏན་ནས་གཏོང་མི་རུང་། དཔྱིད་ཀའི་དུས་སུ་རྩ་སྐམ་པར་མཉམ་འཇོག་གང་ལེགས་བྱེད་པ་དང་ཁྱད་པར་དུ་གཞང་ལམ་གྱི་ནད་བྱུང་ཡོད་པའི་ནད་པས་དེ་ལས་ཀྱང་མཉམ་འཇོག་གང་ལེགས་བྱེད་དགོས། ནད་པས་ཁ་ཚ་བའི་ཟས་རིགས་སོགས་ཕོག་ཐུག་རང་བཞིན་ཆེ་བའི་ཟས་རིགས་ཉུང་ཉུང་ཟ་བ་དང་། དུ་བ་མི་འཐེན་པ་དང་ཆང་མི་འཐུང་བར། སིལ་ཏོག་དང་སྔོ་ཚོད་ཀྱི་རིགས་མང་པོ་ཟ་དགོས། གཞན་ད་རུང་ཡུན་རིང་དུ་ཙོག་ནས་མི་འདུག་པར་ཕྱི་རོལ་དུ་སོང་ནས་འགུལ་སྐྱོད་འོས་འཚམ་བྱེད་དགོས། ཟས་རིགས་ཀྱིས་རྩ་སྐམ་པ་སྙོམས་སྒྲིག་བྱེད་མ་ཐུབ་ཚེ། སྨན་པའི་ངག་བཀོད་ལྟར་དུ་རྩ་འབབ་བྱེད་ཀྱི་སྨན་འཐུང་དགོས།

ལྔ། མིག་ནད།

གཅིག ནད་དུག་རང་བཞིན་གྱི་མིག་སྐྱིའི་གཉན་ཚད། དཔྱིད་ཀའི་དུས་སུ་ཟེའུ་འབྲུ་དང་ནད་དུག འབུ་ཕྲ་སོགས་མཁའ་དབུགས་བརྒྱུད་ནས་མཆེད་པ་ཡིན་ལ། དེ་དག་གལ་ཏེ་མིག་ནང་དུ་སོང་ཚེ་གཉན་ཚད་རྒྱས་པར་བྱེད་སྲིད། དེའི་ནང་ཆེས་རྒྱུན་མཐོང་ནི་འབྲེལ་སྐྱིའི་གཉན་ཚད་དང་མིག་སྐྱིའི་གཉན་ཚད་ཡིན་ལ། དེ་ལས་ནད་དུག་རང་བཞིན་གྱི་མིག་སྐྱིའི་གཉན་ཚད་འབྱུང་ཚད་ཅུང་མཐོ། ནད་དུག་རང་བཞིན་གྱི་མིག་སྐྱིའི་གཉན་ཚད་ནི་སྣ་གཅིག་རང་བཞིན་གྱི་ཆུར་འབྲུམ་ནད་དུག་གིས་བསླངས་པ་ཡིན་ཞིང་། ནད་དུག་དེ་མིའི་ལུས་སྟེང་དུ་ཁྱབ་རྗེས་དབང་རྩའི་ཕུང་གྲུབ་ཁྲོད་གནས་སྲིད། གལ་ཏེ་ལུས་ལ་ཚ་རྒྱས་པ་དང་ཐང་ཆད་པ། ལུས་འཁྱག་པའམ་ཡང་ན་རྒྱུ་རྐྱེན་གཞན་པའི་དབང་གིས་ལུས་ཀྱི་རིམས་འགོག་ནུས་པ་ཇེ་ཞན་ཏུ་གྱུར་ཚེ། ནད་དུག་མིའི་ལུས་སྟེང་གི་ཕྲ་ཕུང་ཁྲོད་བསྐྱེད་པར་མ་ཟད། མིག་སྐྱིའི་ཕུང་གྲུབ་ཁྲོད་དུ་ཁྱབ་ནས་ནད་དུག་རང་བཞིན་གྱི་མིག་སྐྱིའི་གཉན་ཚད་སློང་སྲིད། དེ་མིན་ད་རུང་དཔྱིད་ཀའི་ནམ་ཟླར་འགྱུར་ལྡོག་ཅུང་ཆེ་བས། མི་རྣམས་ལ་ཆམ་ནད་ཕོག་སླ་བར་མ་ཟད། དེར་བརྟེན་ནས་ནད་དུག་རང་བཞིན་གྱི་མིག་སྐྱིའི་གཉན་ཚད་འབྱུང་སྲིད།

གཉིས། མིག་སྐམ་ནད། མིག་སྐམ་ནད་ནི་མིག་ཆུ་ཇེ་ཉུང་དུ་སོང་ནས། མིག་སྐྱིའི་ཕུང་གྲུབ་སྐམ་པ་ལས་བསླངས་བའི་ནད་རྟགས་ཤིག་ཡིན། དཔྱིད་ཀའི་ནམ་ཟླ་སྐམ་ཤས་ཆེ་ཞིང་། རླུང་མང་བས། གལ་ཏེ་མིག་ལ་རླུང་ཕོག་ཚེ། མིག་ཆུའི་ཟགས་ཐོན་མྱུར་དུ་མེད་པར་འགྱུར་བ་དང་། མིག་སྐམ་གྱི་ནད་རྟགས་མངོན་གསལ་དུ་འབྱུང་སྲིད། ནམ་རྒྱུན་མིག་སྐམ་ནད་བྱུང་བའི་ནད་པའི་མིག་ལ་ཁྲག་རྒྱས་པ་དང་མིག་སྐམ་པ། མིག་ནང་དུ་ཐོག་རེག་གི་ཚོར་སྣང་ཡོད་པ། མིག་ཚ་བ། མིག་ལ་ཟ་འཕྲུག་ལངས་པ་སོགས་འབྱུང་སྲིད་པར་མ་ཟད། ད་རུང་འོད་ལ་བལྟ་མི་ཐུབ་པ་དང་མིག་དམར་པོར་འགྱུར་བ་སོགས་ཀྱི་ནད་རྟགས་ཀྱང་འབྱུང་སྲིད།

གསུམ། སྔོ་རིབ། དཔྱིད་ཀའི་ནམ་ཟླར་འགྱུར་ལྡོག་ཆེ་བས། མིག་གི་གནོན་ཤུགས་ལ་གནོད་པ་ཐེབས་སྲིད། མིའི་སེམས་ཁམས་ལ་ནམ་ཟླའི་ཤུགས་རྐྱེན་ཐེབས་ནས་འཚུབ་ཆ་ལངས་བ་དང་ཡིད་འགུལ་ཐེབས་པ་སོགས་ཀྱི་སྐབས་སུ། མིག་གི་གནོན་ཤུགས་ཇེ་མཐོར་སོང་ནས་སྔོ་རིབ་ནད་འབྱུང་སྲིད།། 

ལོ་ཙཱ་བ། འབྲུག་མོ།