མཚོ་ནུབ་ཁུལ་གྱིས་རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོའི་དྲིལ་སྒྲོག་བྱ་འགུལ་སྤེལ།
2018.05.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་ལྔ་བའི་ཚེས་ཉི་ཤུ་ཉིན་ནི་རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་རོགས་སྐྱོར་ཉིན་མོ་ཐེངས་ཉེར་བརྒྱད་པ་ཡིན། ཟླ་ལྔ་བའི་ཚེས་བཅོ་བརྒྱད་ཉིན། མཚོ་ནུབ་ཁུལ་དབང་བོ་སྐྱོན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། གཏེར་ལེན་ཁ་གྲོང་ཁྱེར་དབང་བོ་སྐྱོན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་དང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་སྒོས་གཏེར་ལེན་ཁ་གྲོང་ཁྱེར་གྱི་དཀྱིལ་སྙིང་ཐང་ཆེན་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་དབང་བོ་སྐྱོན་ཅན་གཅིག་ཀྱང་ཆད་མི་ཆོག་ཅེས་པ་བརྗོད་གཞི་ཡིན་པའི་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་དྲིལ་སྒྲོག་བྱ་འགུལ་སྤེལ།

ཉེ་བའི་ལོ་འགའི་རིང་ལ། མཚོ་ནུབ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་ཚད་མཐོན་པོའི་མཐོང་ཆེན་འོག་དང་སྤྱི་ཚོགས་ལས་རིགས་སོ་སོའི་ཐུགས་ཁུར་དང་རྒྱབ་སྐྱོར་འོག མཚོ་ནུབ་ཁུལ་གྱི་དབང་བོ་སྐྱོན་ཅན་ལས་རིགས་ཐད་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། དབང་བོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་མ་ལག་དང་ཞབས་ཞུའི་མ་ལག་ཉིན་རེར་འཐུས་ཚང་དུ་འགྲོ་བཞིན་ཡོད། ཐེངས་འདིའི་བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དང་ཀྲུང་གོ་གུང་ཁྲན་ཏང་བཟང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་བཟང་བ། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་བརྗོད་གཞི་ཡིན་པའི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་ཀྱི་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་གཏོང་བ། སྤྱི་ཚོགས་ལས་རིགས་སོ་སོས་དབང་བོ་སྐྱོན་ཅན་གྱི་ལས་རིགས་འཕེལ་རྒྱས་ལ་སྔར་ལས་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པར་སྣེ་ཁྲིད་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་སྣང་ཚུལ་བཟང་བོ་ཆགས་པར་བྱེད་པ་དང་རྒྱ་ཆེའི་དབང་བོ་སྐྱོན་ཅན་དག་ཁུལ་ཡོངས་ཀྱི་མང་ཚོགས་དང་མཉམ་དུ་འབྱོར་འབྲིང་དུ་བསྐྱོད་པར་སྐུལ་འདེད་གཏོང་བའི་ཆེད་ཡིན།

བྱ་འགུལ་གྱི་ཡུལ་དངོས་སུ་རྒྱ་ཆེའི་དབང་བོ་སྐྱོན་ཅན་དག་ལ་རིན་མེད་པར་རོགས་སྐྱོར་སྒྲིག་ཆས་བྱིན་པ་དང་། དབང་བོ་སྐྱོན་ཅན་དུ་འགྱུར་བ་སྔོན་འགོག་བྱེད་པའི་འདྲི་རྟོག་དང་ཞལ་འདེབས་འབུལ་བ་སོགས་ཀྱི་བྱ་འགུལ་སྤེལ།

རྩོམ་སྒྲིག་པ། འབྲུག་མོ།