མིའི་རིགས་ཀྱི་ཚེ་ཚད་དང་ད་ལྟའི་བདེ་ཐང་གི་གནས་བབ། གཅིག
2018.06.04 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 116

དབུགས་ཀྱི་རྒྱུ་བ་འགྲོགས་པའི་སྲོག་ལྡན་ཡོངས་ཀྱི་ནང་ནས་ཆེས་མཐོ་རིམ་དུ་གྱུར་པའི་འགྲོ་བ་མིའི་ཚེ་ཚད་ཇི་ཙམ་ཡིན་ནམ་ཞེ་ན། བོད་ཀྱི་གསོ་བ་རིག་པའི་གཞུང་དུ། བཅུ་དྲུག་བར་བྱིས་པ་དང་། དེ་ནས་བདུན་ཅུའི་བར་དར་མ། དེ་ལས་ཕན་ཆད་རྒན་པོ་ཡིན་པར་བསྟན་ཡོད་ཅིང་། དེའི་ཐོག་ནས་ཟས་སྤྱོད་གཉིས་གཙོ་བོར་བྱས་པའི་བདེ་ཐང་རིག་པའི་ཐབས་ལམ་རྣམས་ཚུལ་བཞིན་བསྟེན་ནས་དུས་གདོན་ཟས་སྤྱོད་བཅས་ནད་རྐྱེན་རྣམ་བཞི་རིང་ནས་དོར་ནུས་ཚེ་མིའི་རིགས་ཀྱི་ཚེ་ཚད་ཧ་ཅང་རིང་པོ་ཡིན་པ་ཤུགས་སུ་བསྟན་ཡོད། དེང་སྐབས་ཚན་རིག་པས་རིག་པའི་གཞུང་ལུགས་ཐོག་ནས་བཤད་སྐབས། དང་པོ་མི་ཡི་ཚེ་སྲོག་དེ་འོ་འཐུང་སྲོག་ཆགས་ཀྱི་ཚེ་སྲོག་དང་གཅིག་མཐུན་གྱི་ཁྱད་ཆོས་ལྡན་ཡོད་པ་དང་། ཕྱི་རྒྱལ་གྱི་ཞིབ་འཇུག་པས་ཞིབ་འཇུག་བྱས་པ་བརྒྱུད་མིའི་རིགས་ཀྱི་ལུས་ཁམས་འཚར་ལོངས་ཡོང་བའི་དུས་རིམ་དེ་སྤྱིར་བཏང་དུ་ལོ་ཉེར་ལྔ་ཙམ་དགོས་པ་དང་། དེ་ལས་ཚེ་སྲོག་རྒྱུན་གཏན་གྱི་གནས་ཚད་ནི་ལོ་བརྒྱ་དང་ཉེར་ལྔ་ནས་ལོ་བརྒྱ་དང་དོན་ལྔའི་བར་ཡིན། གཉིས་པ་མིའི་རིགས་ཀྱི་ལུས་པོའི་ཕྲ་ཕུང་དེ་མངལ་དུ་གནས་པ་ནས་ཁ་གྱེས་པ་དང་། ཆ་སྙོམས་གྱེས་པའི་དུས་འཁོར་ནི་ལོ་གཉིས་དང་ཟླ་བཞི་ཡིན་པས། ཕྲ་ཕུང་ཁ་གྱེས་ཐེངས་ལྔ་བཅུའི་ཡན་ཟིན་ན་ཚེ་སྲོག་གནས་ཚད་དེ་ཡང་ལོ་བརྒྱ་དང་ཉི་ཤུ་ཡས་མས་ཡིན་དགོས། གསུམ་པ་སྐྱེ་དངོས་རིག་པ་མཁས་ཅན་གྱིས་སྦྲང་བུ་གསོ་སྐྱོང་བྱས་པར་ཚེ་ཚད་ལྡབ་གཅིག་ཇེ་རིང་དུ་འགྲོ་བ་དང་འབུ་སྡོམ་གྱི་ཚེ་ཚད་བརྒྱ་ཆའི་བདུན་ཅུ་ཇེ་རིང་དུ་འགྲོ་བ་སོགས་ལ་གཞིགས་ན་མིའི་ཚེ་ཚད་དེ་ལོ་བརྒྱ་དང་དྲུག་ཅུ་ཙམ་ལ་བསྲིངས་ཐུབ་པ་རེད། གོང་གསལ་གྱི་རྒྱུ་མཚན་དེ་དག་ཕྱོགས་སྡོམ་བྱས་པ་ལས། མིའི་ལུས་གྲུབ་ཚུལ་ངོས་ནས་བྱས་ན་ཚེ་ཚད་ལོ་བརྒྱ་དང་ཉི་ཤུའི་ཡན་འཚོ་ཐུབ་པའི་ཆ་རྐྱེུན་ལྡན་ཡོད། འོན་ཀྱང་ཡུལ་གྲུ་སོ་སོའི་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་དང་། སྤྱི་ཚོགས་བདེ་འཇགས། དཔལ་འབྱོར། རིག་གནས། འཕྲོད་བསྟེན་སོགས་ཕྱོགས་མང་པོའི་ཐད་ནས་མིའི་ཚེ་ཚད་ལ་རིང་ཐུང་སྣ་ཚོགས་ཡོང་སྲིད། སྤྱི་ལོ་ཉིས་སྟོང་བཅུ་གཅིག་ལོར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས《འཛམ་གླིང་འཕྲོད་བསྟེན་སྡོམ་རྩིས་རྒྱུ་ཆ》ལས་མངོན་པ་ལྟར་ན། ཡ་གླིང་གི་འཇར་པན་དང་ཨོ་གླིང་གི་ཧྲེང་མ་སླི་ལོའོ(圣马力诺)གཉིས་ཀྱི་མིའི་ཚེ་ཚད་ཆ་སྙོམ་ལོ་བརྒྱད་ཅུ་གྱ་གསུམ་ཡིན་པས། འཛམ་གླིང་གི་མིའི་ཚེ་ཚད་རིང་ཤོས་ཡིན་པ་དང་། ཧྥེ་གླིང་གི་མ་ལ་ཝའེ(马拉维)རྒྱལ་ཁབ་ཀྱི་མིའི་ཆ་སྙོམ་ཚེ་ཚད་ལོ47དང་དེའི་ནང་སྐྱེས་པའི་ཆ་སྙོམ་ཚེ་ཚད་དེ་ལོ44ལས་མིན་པས། འཛམ་གླིང་གི་མིའི་ཚེ་ཚད་ཐུང་ཤོས་ཡིན་པ་རེད། ཨ་རི་ནི་འཛམ་གླིང་གི་དཔལ་འབྱོར་དང་། ཚན་རྩལ་དར་རྒྱས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་རུང་། མིའི་ཚེ་ཚད་དེ་ཆ་སྙོམ་ལོ78ལས་ཟིན་མེད་པ་རེད།

དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འཁེལ་བྱས་པའི་ཚེ་རིང་བའི་ས་ཁུལ་ལྔ་བདམས་ཡོད་ཅིང་། དེ་དག་ནི་ཀྲུང་གོའི་ཀོང་ཞིའི་པཱ་མཱ(广西巴马)དང་ཀྲུང་གོའི་ཞིན་ཅང་ཧི་ཐཱེན(新疆和田)། པ་ཅི་སིན་ཐན་གྱི་ཧན་སཱ(巴基斯坦罕萨)། ཀོ་ཅཱ་སུའུ(高加索)། པིས་ཨར་ཁ་པཱན་པ(比尔卡班巴)བཅས་ལྔ་ཡིན། དེ་ཡང་ཀྲུང་གོའི་ཀོང་ཞིའི་པཱ་མཱ་ཡོའོ་རིགས(巴马瑶族)རང་སྐྱོང་རྫོང་དུ་རྒྱལ་ཡོངས་ཀྱི་མི་གྲངས་ལ་ཡོངས་ཁྱབ་ཏུ་ཞིབ་བཤེར་ཐེངས་ལྔ་བ་བྱེད་སྐབས་ལོ་དགུ་བཅུའི་ཡན་གྱི་རྒན་པ531དང་། ལོ་བརྒྱའི་ཡན་ལ་བུད་པའི་རྒན་པ74ཡོད་ཅིང་། དེའི་ནང་ལོ110ཡན་ལ་བུད་པའི་རྒན་པ་གསུམ་ཡོད་པ་རེད། དེའི་རྒྱུ་མཚན་ནི་ས་ཆ་དེར་གནམ་གཤིས་དྲོ་ཞིང་། མཁའ་རླུང་གཙང་བ། མི་རྣམས་ངལ་རྩོལ་ལ་དགའ་བ། ཟས་སྤྱོད་ལེགས་པ། འཚོ་བའི་གོམས་སྲོལ་བཟང་བ་སོགས་ཀྱིས་ཡིན་པ་རེད།

ཞིན་ཅང་གི་ཧི་ཐཱེན་ཡུས་ཐཱེན་རྫོང(和田于田县)གི་སླ་ཡི་སུའུ་སྡེ་བར(拉伊苏村)མི་གྲངས2400ཙམ་ལས་མེད་པའི་ནང་ལོ་དགུ་བཅུའི་ཡན་ཟིན་པའི་མི་གྲངས་བཅུ་དྲུག་ཡོད་ཅིང་། དེ་ཡང་ཁོ་ཚོའི་འཚོ་བའི་གོམས་གཤིས་ནི་ཞོགས་པར་བྱ་སྐད་གྲགས་མ་ཐག་ཏུ་ལངས་པ་དང་། དགོང་མོ་མུན་རུབ་མ་ཐག་ཏུ་གཉིད་ཉལ་བ། ཉིན་རེའི་ཟས་ཐུན་གསུམ་པོ་དུས་ཐོག་ཏུ་ཟ་བ་དང་ཟས་ཚད་རན་པར་བསྟེན་བཞིན་ཡོད། ཚེ་རིང་བའི་མི་དེ་དག་རྒྱུན་པར་ཁ་རྩོད་རྡུང་རེས་བྱེད་མྱོང་མེད་པ་དང་། བུ་ཕྲུག་ཚོས་སྲི་ཞུ་ཧ་ཅང་ལེགས་པ། ཁྱིམ་མཚེས་ཕན་ཚུན་བར་འགྲིག་མཐུན་ཡོང་བ་བཅས་དག་དག་རེད།

པ་ཅི་སི་ཐན་གྱི་ཧན་སཱ་ཁུལ་ནི་ཞིང་ལས་ས་ཁུལ་ཞིག་ཡིན་པ་དང་། ས་ཆ་དེའི་མི་རྣམས་ལ་ནད་འབྱུང་ཚད་ཉུང་ཞིང་། ལོ་བརྒྱད་ཅུ་དགུ་བཅུར་བུད་ཀྱང་ཞིང་ཁར་ངལ་རྩོལ་བྱེད་ནུས་པ། མི་མང་པོ་ཞིག་བདེ་ཐང་ངང་ལོ་བརྒྱའི་བར་འཚོ་ཐུབ་པ་ཡིན། དབྱིན་ཇིའི་སྨན་པ་ལོ་པོ་ཐི.མིས་ཁ་སིན(罗伯特.麦卡森)གྱིས་ས་གནས་དངོས་སུ་རྟོག་ཞིབ་བྱས་པར་ཁོ་ཚོ་ཚེ་རིང་པོར་གནས་པའི་རྒྱུ་རྐྱེན་ཆེན་པོ་གསུམ་དང་འབྲེལ་བ་དམ་ཟབ་ལྡན་ཡོད་པ་སྟེ། རང་བྱུང་ཁོར་ཡུག་དང་། ཟས་སྐོམ། འཚོ་བའི་གོམས་གཤིས་བཅས་ཡིན་པ་རེད།

ཀོ་ཅཱ་སུའུ་ཡི་མི་ཚེ་རིང་པོར་གནས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་སྤྲོ་སྣང་ལྡན་པའི་འཚོ་བ་སྐྱེལ་བ་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། ཁོ་ཚོས་གཉེན་སྒྲིག་སྟོན་མོའི་སྐབས་ལོ་བརྒྱད་ཅུ་དགུ་བཅུར་བུད་པའི་རྒན་པོ་རྣམས་ལོ་ཆུང་ཚོ་དང་མཉམ་དུ་གླུ་ལེན་གར་འཁྲབ་བྱེད་ཀྱིན་ཡོད་པ་རེད།

པིས་ཨར་ཁཱ་པཱན་པཱ་ནི་ཨིག་ག་ཏོ་ཨར(厄瓜多尔ལྷོ་ཕྱོགས་རི་ཁུལ་དུ་གནས་པའི་གྲོང་ཚོ་ཞིག་ཡིན་པ་དང་། འབྲེལ་ཡོད་དཔྱད་ཡིག་ལས་གསལ་བར་མི་གྲངས་སྟོང་ལྔ་ཙམ་གྱི་ནང་དུ་ལོ་བརྒྱའི་ཡན་ལ་བུད་པའི་རྒན་པ་ཉི་ཤུ་ཡོད་ཅིང་། གསོ་རིག་མཁས་པས་ངོས་འཛིན་བྱས་པར། ཁོ་ཚོས་རྒྱུན་དུ་སྲན་རིགས་དང་། མ་རྨོས་ལོ་ཏོག འབྲས། ཨ་མྲར་སོགས་ལོངས་སུ་སྤྱོད་པ་དང་། མི་མང་ཆེ་བས་གཟའ་འཁོར་གཅིག་གི་རིང་ལ་བྱ་དང་ཉ་སོགས་སྲོག་ཆགས་ལས་བྱུང་བའི་ཟས་རིགས་ཐེངས་གཉིས་ཙམ་ལས་བསྟེན་གྱིན་མེད་པ། ཆུ་མིག་རིགས་འཐུང་ཆུར་བསྟེན་རྒྱུར་དགའ་ཞིང་། ཚན་རིག་གི་ཚོད་ལྟ་བྱས་པ་བརྒྱུད་ཆུ་མིག་དེ་དག་གི་ཆུ་ལ་གཏེར་དངོས་རྒྱུ་ཆ་ཕུན་སུམ་ཚོགས་པོ་ཡོད་པ་དང་། དེའི་ནང་ལྕགས་རྒྱུ་དང་། མཱའེ (镁)ཡི་རྒྱུ་ཆའི་འདུས་ཚད་ཧ་ཅང་འཚམ་པོ་ཡོད་པ་རེད།

རང་རེའི་ཁ་བ་གངས་ཅན་ལྗོངས་ལ་མཚོན་ན། མཁའ་རླུང་གཙང་ཞིང་། གཏེར་དངོས་ཕུན་སུམ་ཚོགས་པ། ས་ཆ་ཕལ་མོ་ཆེར་སྤང་ལྗོངས་དང་ནགས་ཚལ་གྱིུ་ཁེབས་ཚད་ལེགས་པ། གངས་རི་དང་མཚོ་མོ་སོགས་བརླན་གཤེར་གྱི་འབྱུང་ཁུངས་ཡག་པ་བཅས་ཡོད་པས་གནའ་དུས་སུ་ཡུལ་འདིར་གནས་བཅས་པའི་འགྲོ་བ་མིའི་རིགས་རྣམས་ཚེ་ཚད་ཀྱང་རིང་ཙམ་བྱུང་ཡོད་པ་ནི་འདས་པའི་ལོ་རྒྱུས་ཁག་ལས་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་དགུང་ལོ120ཐུབ་པ་དང་། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་དགུང་ལོ125ཐུབ་པ། དེ་རྗེས་བསྟན་པ་ཕྱི་དར་དུས་སུ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དགུང་ལོ150ཐུབ་མྱོང་ཡོད་ཅིང་། ར་ལོ་ཙ་བ་དང་། གྲུབ་ཐོབ་ཐང་སྟོང་རྒྱལ་པོ་དགུང་ལོ་བརྒྱ་ཡན་ཐུབ་པའི་་ལོ་རྒྱུས་ཡོད་པ་སོགས་ཚེ་ཚད་རིང་པོར་ཐུབ་པའི་ལོ་རྒྱུས་ཀྱི་མི་སྣ་མང་པོ་བྱུང་ཡོད།

འོན་ཀྱང་རིག་གནས་ཤེས་བྱ་སློབ་སྦྱོང་བྱེད་རྒྱུ་དེ་དགོན་སྡེ་དང་། མཐོ་རིམ་སྐུ་དྲག་ཁྲོད་དུ་ལས་དམངས་ཡོངས་ལ་དར་ཁྱབ་མ་བྱུང་ཞིང་། མིའི་ཚེ་ཚད་རིང་ཐུང་དེ་སྐྱེ་བ་སྔ་མའི་ལས་འཕྲོ་བཟང་ངན་དང་། ཡང་ན་སྐྱེས་བུ་རང་ཉིད་ཀྱི་ལས་ལ་གང་བསྐོས་ཁོ་ན་ལས། ཟས་སྤྱོད་འཕྲོད་བསྟེན་དང་འབྲེལ་བ་ཆེར་མེད་པའི་བསམ་པའི་འདུ་ཤེས་དར་ཁྱབ་ཇེ་ཆེར་ཕྱིན་པ་ནས་བཟུང་རྣམ་ཀུན་ཟས་སྤྱོད་འཕྲོད་བསྟེན་ལ་དོ་སྣང་ཏིལ་འབྲུ་ཙམ་ཡང་མེད་པའི་བོད་མིའི་ཚེ་ཚད་ཀྱང་ཇེ་ཐུང་དུ་སོང་ཡོད་པ་ནི་འདས་པའི་ལོ་རྒྱུས་ནས་ད་ལྟའི་གནས་བབ་བར་གྱི་བཤུལ་ལམ་ཕྲ་མོར་ཕྱིར་མིག་བལྟས་ན་ཤེས་ཐུབ།

དེང་སྐབས་ཆེད་ལས་ཞིབ་འཇུག་མཁས་པས་བརྟག་དཔྱད་བྱས་པར། བོད་འདིར་སྤྱིའི་ཆ་ནས་གནམ་གཤིས་གྲང་ངར་ཆེ་བ་དང་། ཉི་འོད་ལྡོག་འཕྲོ་ཤུགས་ཆེ་བ། རྒྱ་མཚོའི་ངོས་ལས་ས་བབ་མཐོ་བ། ལྷགས་རླུང་ལྡང་ཤུགས་ཆེ་ལ་ལྟོས་བཅས་སུ་སྐམ་ཤས་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་རུང་མིའི་ལུས་ཁམས་བདེ་ཐང་ལ་ཕན་པའི་ཆ་ཡང་མི་ཉུང་བ་ལྡན་ཡོད་པ་སྟེ། ཉི་འོད་ལྡོག་འཕྲོ་ཤུགས་ཆེ་བས་མིའུ་ཐུང་གི་རིགས་མི་འབྱུང་བའི་སྔོན་འགོག་ལ་ཕན་པ་དང་། མཁའ་རླུང་དྭངས་ཤིང་གཙང་བས་དབུགས་ལམ་མ་ལག་གི་འབྲས་སྐྲན་ཕོག་ཚད་ཉུང་བ་སོགས་ལུས་ཁམས་བདེ་ཐང་ལ་ཕན་པའི་ལེགས་ཆ་ངེས་ཅན་ལྡན་ཡོད་ལ། མཚོ་ངོས་ལས་མཐོ་ཚད་མུས་སྟོང་བཞིའི་ཡན་གྱི་ས་ཁུལ་ཁག་ནི་སྤྱིའི་ཆ་ནས་ས་མཐོའི་མི་འཕྲོད་པའི་ནད་རྟགས་མི་འབྱུང་ཞིང་། ལྷག་པར་དུ་ས་སྐྱེས་རྡོ་སྐྱེས་ཀྱི་བོད་མི་རྣམས་ལ་དེ་བས་ས་མཐོའི་ནད་རིགས་ཁག་དམིགས་བསལ་དུ་མི་འབྱུང་བས་ལུས་ཁམས་བདེ་ཐང་གི་གནས་ཚུལ་ས་ཆ་གཞན་དག་དང་གཅིག་མཚུངས་ཡིན་པ་དང་། དེའི་ནང་མི་འགའ་རེ་ལ་ས་མཐོའི་ནད་རིགས་ཕོག་སྲིད་རུང་དེ་ནི་མི་གྲངས་ཀྱི་བརྒྱ་ཆའི་ཆེས་ཉུང་ངུ་ལས་ཟིན་གྱིན་མེད་ལ། ཐ་ན་ཚེ་རིང་པོར་མི་གནས་པའི་ཁོར་ཡུག་གི་ཆ་རྐྱེན་ཞན་པ་གང་ཡང་མེད། མཚོ་ངོས་ལས་མཐོ་ཚད་མུས་སྟོང་བཞི་ཡན་གྱི་ས་མཐོའི་ཁུལ་དུ་ས་སྐྱེས་རྡོ་སྐྱེས་ཀྱི་གནས་བཅའ་མཁན་ཚོ་དང་ལྷག་པར་དུ་ས་བབ་དམའ་བའི་ས་ཁུལ་ནས་ཡོང་བའི་མི་ལ་གསོ་རླུང་མི་འདང་བའི་རྐྱེན་ལས་བྱུང་བའི་ས་མཐོའི་ནད་རིགས་ཅུང་མང་བ་ཐོན་སྲིད་ཅིང་། ཐ་ན་དེས་རྐྱེན་པས་ཚེ་ཚད་ལྟོས་བཅས་སུ་ཐུང་བ་ཡོད་སྲིད་རུང་མཐའ་གཅིག་ཏུ་ངེས་པ་མེད་པར་ཚེ་རིང་པོར་གནས་པའི་མི་ཡང་མི་ཉུང་བ་ཞིག་ཡོད་པ་རེད།

སྤྱིའི་ཆ་ནས་བཤད་ན་འཛམ་གླིང་ཧྲིལ་བོར་དེང་རབས་ཅན་གྱི་རྫས་འགྱུར་དངོས་རིགས་དང་། འཕྲུལ་ལས། རང་བྱུང་ཁམས་ཀྱི་འགྱུར་བ། སྐྱེས་བུ་སོ་སོའི་སེམས་ཁམས་ཀྱི་གནས་བབ་སོགས་ལས་མིའི་རིགས་རྒས་མྱུར་བ་དང་། ཐ་ན་ཚེ་ཐུང་བའི་གནས་ཚུལ་ཡོད་པ་ཡིན།།

«བདེ་སྲུང་རྒྱུན་ཤེས»ཞེས་པའི་དཔེ་དེབ་ལས་བཤུས། 

རྩོམ་སྒྲིག་པ། འབྲུག་མོ།