ཟླ་བཞི་པའི་ཚེས་བཅུ་གསུམ་ཉིན། མཚོ་སྔོན་གྱིས་ཞིང་ཆེན་རིམ་པའི་ཁྱབ་ཁོངས་སུ་སྨན་བཅོས་མཉམ་འབྲེལ་རང་བཞིན་གྱི་སྐྲན་ནད་སྨན་བཅོས་ལྟེ་གནས་གསར་འཛུགས་བྱེད་པའི་གྲོས་ཚོགས་དེ་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་དུ་སྤེལ་བ་རེད། མཚོ་སྔོན་ཞིང་ཆེན་གྱི་སྐྲན་ནད་སྔོན་འགོག་སྨན་བཅོས་དང་སྤུས་ཚད་ཚོད་འཛིན། རོགས་སྐྱོར་བྱ་བ་སོགས་སྔར་ལས་ལྷག་པར་སྤེལ་ཆེད་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་གི་སྣེ་ཁྲིད་འོག་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་སྐྲན་ནད་སྨན་ཁང་གིས་ཞིང་ཆེན་དང་གྲོང་ཁྱེར། རྫོང་གི་རིམ་པ་གསུམ་པའི་སྨན་བཅོས་སྒྲིག་གཞི་བཅས་ལ་མཉམ་འབྲེལ་སྒོས་ཐུན་མོང་རྩ་འཛུགས་འོག་མཚོ་སྔོན་ཞིང་ཆེན་རིམ་པའི་ཁྱབ་ཁོངས་ཀྱི་སྨན་བཅོས་མཉམ་འབྲེལ་རང་བཞིན་གྱི་སྐྲན་ནད་སྨན་བཅོས་ལྟེ་གནས་གསར་འཛུགས་སྒོས་གཞི་རིམ་སྨན་བཅོས་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་བཏང་སྟེ་མི་དམངས་མང་ཚོགས་ལ་སྔར་ལས་ཕུལ་བྱུང་དང་སྔར་ལས་སྟབས་བདེ་པའི་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱས་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། སྐྲན་ནད་སྨན་བཅོས་ལྟེ་གནས་ཡིས་སྐྲན་ནད་བརྡ་འཕྲིན་སྟེགས་བུའི་གཞི་གྲངས་རིག་མཛོད་བརྒྱུད་སྐྲན་ནད་ཐད་ཀྱི་སྣ་འཛོམས་རིག་ཚན་མང་པོའི་སྨན་བཅོས་ལ་སྐུལ་འདེད་ཀྱིས་རིགས་བཀར་སྨན་བཅོས་གསར་འཛུགས་ཀྱིས་སྨན་བཅོས་བཅོས་སྐྱོང་ངོ་བོའི་མ་ལག་ཟུང་འབྲེལ་བྱས་ཏེ་མ་དངུལ་བསྡུ་རུབ་དང་ངོ་བོ་གཅིག་བསྡུས། ལེགས་བསྒྱུར། འོས་མཐུན་སྒྲིག་གཞིའི་སྐྲན་ནད་སྨན་བཅོས་ཐོན་ཁུངས་ནུས་ལྡན་སྤྱད་དེ། སྐྲན་ནད་སྔོན་འགོག་དང་སྨན་བཅོས། སྤུས་ཚད་ཚོད་འཛིན། རིག་ཚན་གསར་འཛུགས། འཇོན་མི་སྐྱེད་བསྲིངས། བརྒྱུད་རིམ་ལེགས་བསྒྱུར། བརྡ་འཕྲིན་མཉམ་སྤྱོད། ཞིབ་ཚགས་དོ་དམ་སོགས་ཀྱི་ཐད་ལ་རིམ་བསྟར་མཉམ་བསྲེས་འཕེལ་རྒྱས་སྤེལ་ནས་སྔར་ལས་ལྷག་པའི་སྒོ་ནས་ཁྱབ་ཁོངས་ཀྱི་སྐྲན་ནད་སྔོན་འགོག་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་བཏང་ནས་རིམ་བཞིན་ཚད་ལྡན་ཅན་དང་སྒྲིག་སྲོལ་ཅན། ལེགས་བསྒྱུར་ཅན་བཅས་ཀྱི་སྐྲན་ནད་སྨན་བཅོས་སྒྲིག་གཞི་གྲུབ་པ་དང་། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ཞིང་ཆེན་གྱི་སྐྲན་ནད་སྔོན་འགོག་སྨན་བཅོས་དང་སྤུས་ཚད་ཚོད་འཛིན་བྱ་བ་དེ་སྔར་ལས་འཐུས་ཚང་ཅན་དུ་བཏང་།
དུས་མཚུངས་སུ་སྨན་བཅོས་ལྟེ་གནས་དེ་ནི་མཚོ་སྔོན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ལྔ་པ། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པ། མཚོ་སྔོན་སྙིང་རྗེ་སྨན་ཁང་། མཚོ་ཤར་གྲོང་ཁྱེར་མི་དམངས་སྨན་ཁང་། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་མི་དམངས་སྨན་ཁང་། ཏ་ཐུང་ཧའེ་རིགས་རང་སྐྱོང་རྫོང་མི་དམངས་སྨན་ཁང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བརྒྱད་གཅིག་སྨན་ཁང་བཅས་ཁྱོན་བསྡོམས་སྨན་ཁང་བཅུ་གསུམ་གྱིས་གྲུབ་པ་རེད།
རྩོམ་སྒྲིག་པ། འབྲུག་མོ།