མི་ཚེ་བདེ་ཐང་དུ་གནས་པར་བྱེད་པའི་གལ་ཆེའི་དོན་སྙིང་།
2018.08.09 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 93

ལུས་ཁམས་བདེ་ཐང་དུ་གནས་པར་བྱེད་རྒྱུ་དེ་རྒྱལ་ཁབ་དང་། མི་རིགས། ཆོས་ལུགས། ལས་རིགས་སོགས་དང་། ཕོ་མོ་རྒན་གཞོན་ལ་མ་ལྟོས་པར་ཀུན་ལ་དགོས་པའི་མ་མཐའི་ཆ་རྐྱེན་ཞིག་ཡིན་ཞིང་། དེ་ཡང་ཕྱོགས་འགའ་ཤས་ཐད་ནས་གསལ་བོར་གླེང་ན།

གཅིག མི་ཚེ་བདེ་སྐྱིད་ལྡན་པ་ཡོང་འདོད་ན་སྔོན་ནས་ལུས་ཁམས་བདེ་སྲུང་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེ། མི་ཚེ་གང་བོར་ནད་མེད་བདེ་ཐང་དང་། གཉེན་ཉེ་གྲོགས་ཚང་མར་ན་བ་དང་བགེགས་རྐྱེན་ཅི་ཡང་མེད་པར་བདེ་སྐྱིད་དང་ལྡན་པར་གནས་འདོད་པ་ནི་མི་རིགས་དང་རྒྱལ་ཁབ་ཀྱི་དབྱེ་བ་མེད་པར་མིའི་རིགས་ཚང་མས་འདོད་འདུན་གཙོ་བོ་དེ་ཡིན་མོད། འདོད་འདུན་དེ་ཉིད་མངོན་འགྱུར་འབྱུང་དགོས་ན་སྔ་མོ་ནས་བདེ་སྲུང་རིག་པའི་ཤེས་བྱའི་ཁག་ལ་དོ་སྣང་དང་། སློབ་སྦྱོང་། དུས་དང་རྣམ་པ་ཀུན་ཏུ་དངོས་སུ་ལག་བསྟར་དོན་འཁྱོལ་བྱེད་ཐུབ་དགོས། གལ་ཏེ་ལུས་ཁམས་བདེ་སྲུང་གི་ཤེས་བྱར་དོ་སྣང་ཅུང་ཙམ་ཡང་མ་བྱས་ཚེ་ནད་མེད་བདེ་ཐང་དུ་གནས་འདོད་པ་ནི་རྨང་གཞི་མི་བརྟན་པའི་ཁང་པ་ཞིག་དང་འདྲ་བར་བརྟན་པོར་གནས་ཐབས་མེད་ལ། སོ་ནམ་མ་བྱས་པའི་ལོ་ཏོག་དང་མཚུངས་པར་འབྲས་བུ་བཟང་པོ་ལོན་ཐབས་རྩ་བ་ནས་མེད།  དེར་བརྟེན་མི་ཚེ་བདེ་སྐྱིད་ལྡན་པ་དང་། ཁྱིམ་ཚང་གང་བོར་ན་བ་མེད་པར་དགའ་དགའ་སྤྲོ་སྤྲོའི་ངང་གནས་འདོད་ན། རྒྱུན་པར་ལུས་ཁམས་བདེ་སྲུང་གི་ཤེས་བྱའི་ཁག་ལ་དོ་སྣང་བྱེད་དགོས་པར་མ་ཟད། ཆུང་བྱིས་པའི་དུས་ནས་མགོ་བཙུགས་ཏེ་ནད་མེད་བདེ་ཐང་གི་ཤེས་བྱར་དོ་སྣང་བྱེད་རྒྱུ་དེ་དོན་སྙིང་ཤིན་ཏུ་ཆེ་བའི་བྱ་བ་ཞིག་ཡིན།

གཉིས། ཚེ་རིང་པོར་གནས་འདོད་ན་ཆུང་བྱིས་པའི་དུས་ནས་ལུས་ཁམས་བདེ་སྲུང་གི་ཤེས་བྱར་ཤེས་རྟོགས་དང་ལག་ལེན་དུ་བསྟར་དགོས། ཚེ་རིང་པོར་གནས་འདོད་པ་ནི་མི་བུ་རང་རང་གི་ཕུགས་འདུན་ཉག་གཅིག་ཡིན་མོད། ལུས་ཁམས་བདེ་སྲུང་གི་ཤེས་བྱར་དོ་སྣང་གང་ཡང་མེད་པར། འགྲོ་འདུག་ཉལ་འཆག་གི་གོ་རིམ་རྣམས་འཆོལ་དུ་བཅུག་ན་རང་གི་ཚེ་སྲོག་ལ་སྣང་ཆུང་དང་ཀུ་རེ་རྩེད་པ་ཞིག་ཡིན་ལ། དེའི་མཇུག་འབྲས་ནི་ལོ་ངོ་ཉི་ཤུ་ཡོལ་མ་ཐག་ནས་ནད་རིགས་སྣ་ཚོགས་ཀྱིས་ལུས་ཁམས་ལ་ཀུན་ནས་གཙེས་ཏེ་མི་འདོད་ནད་ཀྱི་སྡུག་བསྔལ་སྣ་ཚོགས་མྱོང་དགོས་པ་དང་། མཐའ་མ་ཚེ་སྲོག་ལ་འབབ་པའི་དོན་རྐྱེན་ཡང་འབྱུང་སྲིད་པས། ཆུང་བྱིས་པའི་དུས་ནས་ལུས་ཁམས་བདེ་སྲུང་གི་ཤེས་བྱར་སློབ་སྦྱོང་དང་། ལག་ལེན་དུ་བསྟར་རྒྱུ་ནི་རང་ཉིད་ཚེ་རིང་པོར་གནས་པར་བྱེད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན། བྱིས་པའི་སྐབས་ལུས་ཁམས་བདེ་སྲུང་ལ་དོ་སྣང་བྱ་རྒྱུ་ནི་མི་ཞིག་ལ་མཚོན་ན་འཕྲོད་བསྟེན་བདེ་ཐང་གི་ཆེས་ཐོག་མའི་རྨང་གཞི་ཞིག་ཡིན་ཞིང་། མི་ཚེ་གང་བོར་ནད་མེད་བདེ་ཐང་ཡོང་མིན་གྱི་འགག་རྩ་ཞིག་ཀྱང་ཡིན། གལ་ཏེ་བྱིས་པའི་དུས་སུ་བདེ་ཐང་ཡོང་རྒྱུར་གཟབ་ནན་མ་བྱས་ཚེ་མི་ཚེ་གང་བོར་ནད་རིགས་སྣ་ཚོགས་ཀྱིས་ཡོངས་སུ་མནར་ཏེ་ཆེ་ས་ནས་དུས་མིན་དུ་འཆི་བ་དང་། དབང་བོ་སྐྱོན་ཅན་དུ་འགྱུར་བ་སོགས་དང་། ཆུང་ས་ནས་ནད་ཀྱིས་རྒྱུན་པར་མནར་ནས་ལས་དང་བྱ་བ་སྒྲུབ་པའི་འགལ་རྐྱེན་དུ་འགྱུར་བཞིན་ཡོད།

གསུམ། ཤེས་བྱ་རིག་གནས་སྦྱོང་མཁན་ཞིག་ལ་མཚོན་ནའང་ནད་མེད་བདེ་ཐང་ཡོང་བར་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ་སྟེ། ཤེས་བྱའི་རིག་གནས་སྣ་ཚོགས་ལ་བརྩོན་པ་བྱེད་རྒྱུ་ནི་མི་ཚེ་མདུན་ལམ་ལ་འོད་སྟོང་འཕྲོ་བར་བྱེད་པའི་སྒྲོན་མེ་ལྟ་བུ་ཞིག་ཡིན་ལ། ལྷག་པར་དུ་ན་ཆུང་གཞོན་ནུ་རྣམས་ལ་ཤེས་བྱ་ཡོན་ཏན་མེད་ཚེ་གཤོག་པ་མེད་པའི་བྱ་ལྟར་མི་ཚེའི་ཕུགས་བསམ་གྱི་མཁའ་ལམ་ཡངས་པོར་ནམ་འཕང་ཆོད་མི་སྲིད། ལྷག་པར་དུ་དེང་གི་དུས་སུ་རིག་གནས་ནི་མི་གྲལ་དུ་དངོས་སུ་ཚུད་མིན་གྱི་འགག་རྩ་ལྟ་བུ་ཞིག་ཡིན་སྟབས། ཚང་མས་ཆུང་བྱིས་པའི་དུས་ནས་རིག་གནས་སློབ་སྦྱོང་ལ་འབད་པ་ཧུར་ལེན་བྱས་དང་བྱེད་བཞིན་ཡོད། འོན་ཀྱང་ཤེས་བྱ་རིག་གནས་སྦྱོང་བའི་སྔོན་འགྲོའི་ཆ་རྐྱེན་ནི་ནད་མེད་བདེ་ཐང་གི་ལུས་པོ་ཞིག་དགོས་པ་ཡིན་ལ། བདེ་ཐང་གི་ལུས་པོར་དུས་དང་རྣམ་པ་ཀུན་ཏུ་བདེ་སྲུང་གི་སྤྱོད་ལམ་ཡང་དག་པར་སྲུང་རྒྱུ་དེ་རིག་གནས་མཐར་ཕྱིན་པར་སྦྱོང་བ་དང་། རྐྱེན་ངན་གྱི་བར་ཆད་མེད་པར་ཤེས་བྱ་རིག་གནས་སྦྱོང་བའི་གོ་སྐབས་ཐོབ་ཐུབ་མིན་གྱི་འགག་རྩ་དེ་ཡིན། བདེ་ཐང་མིན་པའི་ལུས་པོ་དང་། ནད་ཀྱིས་མནར་བའི་ལུས་སེམས། གློ་བུར་རྐྱེན་ངན་གྱི་བར་ཆད་སོགས་མི་འབྱུང་བའི་ཆེད་དུ་སྔོན་ནས་སློབ་སྦྱོང་ལ་བརྩོན་འགྲུས་ཁོ་ན་བྱ་རྒྱུར་མགོ་འཁོར་ནས་ལུས་ཁམས་བདེ་སྲུང་བྱ་རྒྱུར་ལྷོད་གཡེངས་རྩ་བ་ནས་མི་ཤོར་བ་བྱས་ཏེ། རྒྱུན་དུ་བདེ་སྲུང་རིག་པར་དོ་སྣང་དང་། བདེ་སྲུང་གི་ཤེས་བྱ་ཁག་ཁོང་དུ་ཆུད་པ་བྱེད་རྒྱུ་ནི་ཤེས་བྱ་རིག་གནས་སྦྱོང་བའི་ཕུགས་བསམ་མངོན་འགྱུར་ཐུབ་མིན་གྱི་རྨང་རྡོ་གལ་ཆེན་ཞིག་ཡིན།

བཞི། ཚོང་ལས་དཔལ་འབྱོར་གྱི་ལམ་དུ་ཞུགས་ནས་རང་ཉིད་ཕྱུག་པོ་ཡོང་བར་བརྩོན་མཁན་ཞིག་ལ་མཚོན་ནའང་ལུས་ཁམས་བདེ་སྲུང་བྱེད་རྒྱུ་དེ་ཤིན་ཏུ་ཆེ། ཚོང་ལས་དཔལ་འབྱོར་གྱི་ལམ་བུར་ཞུགས་ནས་འབྱོར་ཕྱུག་དཔལ་ཡོན་ལྡན་པ་བྱེད་རྒྱུ་དེ་སྐྱེས་བུ་ཕལ་མོ་ཆེའི་རེ་འདོད་གལ་ཆེན་ཞིག་ཡིན་ཞིང་། དེ་ནི་མི་ཞིག་ལ་མཚོན་ན་ལས་དང་བྱ་བ་ཅི་ཞིག་སྒྲུབ་ཀྱིན་ཡོད་ཀྱང་མདོ་དོན་གཙོ་བོ་ཁ་རྒྱབ་གཉིས་ཡིན་པའི་ཕྱིར་ན་དཔལ་ལྡན་རྒྱུད་བཞི་ལས། སོ་ནམ་དུས་བཞིར་བཙལ་ཡང་མདོ་དོན་ལྟོ་རྒྱབ་གཉིས་ཞེས་གསུངས་པ་ལྟ་བུ་རེད། འོན་ཀྱང་ཚོང་ལས་དཔལ་འབྱོར་གསོག་སྒྲུབ་ཀྱི་བྱ་བར་ཞུགས་པར་སྔོན་ལ་བདེ་ཞིང་ཐང་པའི་ལུས་པོ་དགོས་ཤིང་། དེའི་གནད་འགག་ནི་ལུས་ཁམས་བདེ་སྲུང་གི་ཤེས་བྱའི་ཁག་ཁོང་དུ་ཆུད་མིན་དང་། ལག་ཏུ་བསྟར་མིན་ལ་རག་ལས་པ་ཞིག་ཡིན། གལ་ཏེ་བདེ་སྲུང་ཤེས་བྱར་དང་དོད་དང་། ལུས་པོ་བདེ་སྲུང་གི་གལ་ཆེའི་གནད་དོན་རྣམས་ལག་ལེན་མ་བྱས་ཚེ། དཔལ་འབྱོར་གསོག་སྒྲུབ་བྱེད་པའི་ཁོམ་པ་མེད་པར་མི་འདོད་ནད་ངན་སྣ་ཚོགས་ཀྱིས་ལུས་ཁམས་ནད་ཀྱིས་གཙེས་ནས་སྨན་ཁང་ནང་དུ་ལུས་སྲིད་ལ། ཡང་ན་དཔལ་འབྱོར་ཅུང་གསོག་སྒྲུབ་ཐུབ་པའི་རྗེས་སུ་དེ་དག་ལོངས་སུ་སྤྱོད་ཁོམ་མེད་པར་མི་རྟག་ཕྱི་མའི་ལམ་དུ་བཞུད་དགོས་པར་འགྱུར་སྲིད་པས། དང་ཐོག་ནས་དཔལ་འབྱོར་གསོག་སྒྲུབ་ཁོ་ནར་གཡེང་ནས་མི་འདུག་པར་ལུས་ཁམས་བདེ་སྲུང་གི་ཤེས་བྱར་དོ་སྣང་དང་། དངོས་སུ་ལག་ལེན་ དོན་འཁྱོལ་ཐུབ་པ་བྱ་རྒྱུ་དེ་དཔལ་འབྱོར་གསོག་སྲུང་པའི་ཕུགས་ཀྱི་མདོ་དོན་གཙོ་བོ་ལག་ཏུ་ལོངས་མིན་གྱི་འགག་རྩ་ངོ་མ་དེ་ཡིན།

དེར་བརྟེན་བོད་ལུགས་གསོ་རིག་གཞུང་ལུགས་ཀུན་གྱི་མ་ཕྱི་ལྟ་བུར་གྱུར་བའི་དཔལ་ལྡན་རྒྱུད་བཞི་ལས། མི་ན་བར་གནས་པར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། ཚེ་རིང་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། ཆོས་དང་ནོར་དང་བདེ་བ་སྒྲུབ་པར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། ཞེས་ལུས་ཁམས་བདེ་ཐང་གི་ཤེས་བྱ་རྣམས་ལ་སློབ་སྦྱོང་བྱ་རྒྱུ་དེ་མི་ཚེ་ཧྲིལ་བོར་བདེ་སྐྱིད་ཡོང་མིན་གྱི་འགག་རྩ་ཞིག་དང་། མི་ཞིག་གིས་ལས་དང་བྱ་བ་གང་ཞིག་སྒྲུབ་ཀྱང་མེད་དུ་མི་རུང་བའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན་པ་གསལ་བོར་བསྟན་ཡོད་པ་ལྟ་བུའོ།།

རྩོམ་སྒྲིག་པ། འབྲུག་མོ།