རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས་བྱེད་ཐབས་མང་པོ་བཏོན་ནས་འབྲས་སྐྲན་ནད་འགོག་བཅོས་སྨན་གྱི་རིན་གོང་མར་ཕབ་རྒྱུ་ཡིན་པ།
2018.08.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 58

ཉེ་ལམ་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས་རྒྱལ་ཁབ་ཀྱི་ཐུན་མོང་ཉོ་སྒྲུབ་ཚོད་ལྟ་དང་། སྨན་བཅོས་འགན་སྲུང་ནང་ཞུགས་ཆོག་པའི་གྲོས་མོལ་སོགས་ཀྱི་བྱ་བ་བསྒྲུབས་ཏེ།  འབྲས་སྐྲན་འགོག་བཅོས་སྨན་གྱི་རིན་གོང་མར་གཅོག་པའི་བྱ་བར་སྐུལ་འདེད་བྱས། ད་སྔ་རྒྱལ་ཁབ་ཐུན་མོང་ཉོ་སྒྲུབ་ཚོད་ལྟའི་བྱ་བས་ཇུས་གཞི་འཐུས་ཚང་དུ་གཏོང་བཞིན་པའི་སྒང་རེད་ལ། སྔོན་དཔག་བྱས་ན་སྨན་བཅོས་འགན་སྲུང་ནང་ཞུགས་ཆོག་པའི་གྲོས་མོལ་གྱི་བྱ་བ་དེ་ད་ལོའི་ཟླ་དགུ་བའི་ཟླ་མཇུག་ཏུ་འགྲུབ་རྒྱུ་རེད།

སྨན་བཅོས་འགན་སྲུང་གི་དཀར་ཆག་ཏུ་ཡོད་པའི་འབྲས་ནད་འགོག་བཅོས་སྨན་རྣམས་སྨན་བཅོས་འགན་སྲུང་ཅུའུ་ཡིས་ཞིང་ཆེན་རིམ་པའི་འབྲས་ནད་འགོག་བཅོས་སྨན་ཆེད་དམིགས་སྐུལ་འདེད་ཀྱིས་གཅིག་བསྡུས་སྒོས་ཉོ་སྒྲུབ་བྱེད་དུ་འཇུག་རྒྱུ་རེད།  ཤེས་གསལ་ལྟར་ན། ད་སྔ་ཁེ་ལས་ཁ་ཤས་ཀྱིས་རང་རྟོགས་ཀྱིས་སྨན་རྫས་ཁག་ཅིག་གི་རིན་གོང་མར་བཅག་ཡོད་པ་སྟེ། ཀན་སུའུ་དང་། ཧུའུ་པེ་སོགས་ས་གནས་ཀྱི་སྨན་རྫས་ཉོ་སྒྲུབ་སྟེགས་བུ་ནས་སྨན་རྫས་ཁ་ཤས་ཀྱི་རིན་གོང་མར་བཅག་ཡོད་པ་རེད།  དེ་དང་མཉམ་དུ་རྒྱལ་ཁབ་ཀྱི་སྨན་རྫས་གཅིག་བསྡུས་ཉོ་སྒྲུབ་ཚོད་ལྟའི་འཚོལ་ཞིབ་ཀྱི་བྱ་བ་དེ་ཡང་སྤུས་ཚད་དང་། རིན་གོང་། གྲངས་ཚད་བཅས་ཕན་ཚུན་བར་འབྲེལ་ཞིང་། བསྡུ་ཉོ་དང་།  འདོན་སྤྲོད།  བསྡོམས་རྩིས།  སྨན་བཅོས་འགན་སྲུང་བཅས་ཕན་ཚུན་འབྲེལ་པའི་རྩ་དོན་ལྟར་ལས་དོན་རྣམས་སྒྲུབ་བཞིན་པའི་སྒང་རེད།

སྨན་བཅོས་འགན་སྲུང་གི་དཀར་ཆག་ནང་མེད་པའི་ཁེ་ལས་སྒེར་ནས་བཟོས་པའི་འབྲས་ནད་སྨན་རྫས་ཐད་ནས། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས་ཉིས་སྟོང་བཅོ་བརྒྱད་ལོའི་ཞུགས་འཐུས་ཆེད་དོན་གྱི་གྲོས་མོལ་བསྡུས་ཏེ།  ནད་ལ་ཕན་ཐོགས་མངོན་གསལ་ཡིན་ལ།  ནད་ཐོག་སྨན་བཅོས་ལ་ངེས་པར་མཁོ་བའི་སྨན་རྫས་གསར་པ་དང་།  སྨན་རྫས་ལེགས་ཤོས་བཅས་ཀྱི་རིགས་རིན་གོང་ལུགས་མཐུན་ཡོང་བ་གྲོས་མཐུན་བྱུང་རྗེས་འཕྲལ་མར་སྨན་བཅོས་འགན་སྲུང་གི་དཀར་ཆག་ནང་འཇོག་རྒྱུ་བྱས།   ད་སྔ་ཆེད་མཁས་སྒྲིག་འཛུགས་ཀྱིས་ཞིབ་བཤེར་དང་ཧྲག་འདེམས།  འདེམ་ཤོག་འཕེན་པ་ལ་སོགས་ཀྱི་གོ་རིམ་བརྒྱུད་དེ་སྨན་རྫས་འོས་འདེམ་གྱི་ཁྱབ་ཁོངས་གཏན་འཁེལ་བྱུང་ཡོད་པས།  ད་ལྟ་ཁེ་ལས་བར་གྲོས་བྱེད་བཞིན་པའི་སྒང་རེད།  རྗེས་སུ་གྲོས་མོལ་གྱི་རྒྱུ་ཆ་གྲ་སྒྲིག་དང་། ཆེད་མཁས་པའི་དཔྱད་ཞིབ་དང་བྱེ་བྲག་གི་གྲོས་མོལ་བྱེད་རྒྱུ་རེད།  ཆེད་མཁས་པས། ཐོག་མའི་གྲོས་མོལ་བྱ་ཡུལ་གྱི་འོས་འདེམ་སྨན་རྫས་ཚང་མ་ཁྲག་སྐྲན་དང་དངོས་གཟུགས་སྐྲན་ནད་ལ་ཉེ་བར་མཁོ་བའི་སྨན་རྫས་ཡིན་པས། ནད་ཐོག་སྨན་བཅོས་ཀྱི་རིན་ཐང་ཆེ་བ་དང་། གསར་གཏོད་རང་བཞིན་དང་ནད་པའི་ནད་ལ་ཕན་པ་ཆེ་བའི་ཁྱད་ཆོས་ལྡན་པ་དང་།   ཕྲ་ཕུང་ཆེ་བའི་གློ་འབྲས་དང་། གཞང་འབྲས། མཁལ་མའི་ཕྲ་ཕུང་འབྲས།  མདོག་རྒྱུ་ནག་པོའི་སྐྲན། དལ་གཤིས་རྡོག་རིལ་ཕྲ་ཕུང་ཁྲག་འབྲས།  རྨེན་བུའི་འབྲས། མང་འབྱུང་རྐང་མར་འབྲས་སྐྲན་སོགས་འབྲས་སྐྲན་རིགས་ལ་ཕན་ནུས་ལྡན་ཞེས་གདེང་འཇོག་གནང་ལ།  གྲོས་མོལ་དེ་ཧ་ལམ་ཟླ་དགུ་བའི་ཟླ་མཇུག་གི་སྔོན་ལ་མཇུག་བསྡུ་རྒྱུ་རེད།

རང་རྒྱལ་གྱིས་ད་ལོའི་ཟླ་ལྔ་བའི་ཚེས་གཅིག་ཉིན་ནས་བཟུང་སྟེ། འབྲས་སྐྲན་སྨན་སོགས་ཀྱི་སྨན་རྫས་ནང་འདྲེན་གྱི་དཔྱ་ཁྲལ་མེད་པར་བཏང་བ་དང་ཆབས་ཅིག ཁེ་ལས་ཀྱིས་ཁྲལ་བསྡུའི་གྲངས་ཚད་བརྒྱ་ཆའི་གསུམ་གྱི་སྟབས་བདེའི་རྩིས་ཐབས་ལྟར་རིན་གོང་འཕར་བའི་དཔྱ་ཁྲལ་འཇལ་བར་འདེམ་གསེས་བྱས་ཆོག  གཞན་ནང་འདྲེན་གྱི་འབྲས་སྨན་ཁག་ཅིག་ལ་བརྒྱ་ཆའི་གསུམ་གྱི་ཁྲལ་བསྡུ་རིམ་པ་ལྟར་འཕར་སྣོན་གྱི་དཔྱ་ཁྲལ་ཁག་འཐེན་དགོས། ཁྲལ་བསྡུ་སྲིད་ཇུས་ལེགས་སྒྲིག་ལ་གཞིགས་ན།  དེ་སྔ་རྒྱལ་ཁབ་ཀྱིས་འབྲས་སྨན་དང་འབྲེལ་བའི་ཁེ་ལས་བཅུ་གཉིས་ལ་གྲོས་མོལ་བྱས་ཡོད་པ་དང་། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས་བླང་བྱ་ལྟར་སྨན་རྫས་ཀྱི་རིན་གོང་ཐད་ལ་བསྐྱར་དུ་ཚད་ལེན་ཞིབ་རྩིས་བརྒྱབ་ཡོད་པ་རེད།  དེར་མ་ཟད་ཅུའུ་དེས་ནོར་སྲིད་དང་དཔྱ་ཁྲལ་གྱི་ཆེད་མཁས་སྒྲིག་འཛུགས་བྱས་ཏེ་ཁེ་ལས་ཀྱི་ཚད་ལེན་ཞིབ་རྩིས་ཀྱི་མཇུག་འབྲས་ལ་རིམ་པ་བཞིན་བསྐྱར་ཞིབ་བྱེད་དུ་བཅུག་པ་དང་། ཁེ་ལས་བར་གྲོས་མོལ་གྱིས་རིན་གོང་སྙོམས་སྒྲིག་བྱས་རྗེས་ཀྱི་སྨན་བཅོས་འགན་སྲུང་གི་འཇལ་སྤྲོད་ཚད་གཞིའམ་དྲ་ཐོག་ཉོ་སྒྲུབ་ཀྱི་རིན་གོང་ཕྱོགས་ནས་གྲོས་མཐུན་ཁ་གསབ་བརྒྱབ་ནས་མིང་རྟགས་བཀོད། རྗེས་ཕྱོགས་སུ་ཁེ་ལས་ལ་སྐུལ་འདེད་བཏང་སྟེ།  ཞིང་ཆེན་སོ་སོའི་བསྡུ་ཉོ་སྡེ་ཚན་ལ་གོང་ཚད་སྙོམས་སྒྲིག་གི་རེ་ཞུ་སྤྲད་དེ།  སྔ་མོ་ནས་འབྲས་སྐྲན་སྨན་གྱི་རིན་གོང་ཇེ་དམའ་རུ་གཏང་རྒྱུ་རེད།

རྩོམ་སྒྲིག་པ། འབྲུག་མོ།