རང་ཞིང་གི་བོད་ལུགས་སྨན་རྫས་ཐོན་ལས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་རྒྱལ་ཡོངས་ཀྱི་ཨང་དང་པོར་གྱུར་པ།
2018.08.10 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 45

མཚོ་སྔོན་བོད་ལུགས་སྨན་རྫས་ཀྱི་ན་ནིང་གི་བཟོ་ལས་སྤྱིའི་ཐོན་རིན་སྒོར་དུང་ཕྱུར་ཉེར་དྲུག་ལ་སླེབས། དེས་རྒྱལ་ཡོངས་ཀྱི་བོད་ལུགས་སྨན་རྫས་ཐོན་ལས་ཀྱི་སྤྱིའི་ཐོན་རིན་གྱི་བརྒྱ་ཆའི་ཞེ་བཞི་ཟིན། རང་ཞིང་གི་བོད་ལུགས་སྨན་རྫས་ཐོན་ལས་འཕེལ་རྒྱས་ཀྱི་གཞི་ཁྱོན་དང་ཕྱོགས་བསྡུས་སྟོབས་ཤུགས་རྒྱལ་ཡོངས་ཀྱི་ལས་རིགས་གཅིག་པའི་གྲས་ནས་ཨང་དང་པོར་གྱུར།

མཚོ་སྔོན་ནི་བོད་ལུགས་སྨན་རྫས་ཀྱི་དར་ཡུལ་དང་སྤེལ་ཡུལ་གཙོ་བོ་རེད། ལོ་འདི་དག་གི་རིང་ལ། རང་ཞིང་གིས་ཐོན་ཁུངས་ཀྱི་ཁྱད་འཕགས་དགེ་མཚན་ལ་བརྟེན་པ་དང་། རྒྱལ་ཁབ་ཀྱིས་སྐྱེ་དངོས་སྨན་རྫས་ཐོན་ལས་འཕེལ་རྒྱས་གཏོང་བ་ཇེ་མགྱོགས་སུ་གཏོང་བའི་སྲིད་ཇུས་དམ་འཛིན་གང་ལེགས་བྱས་ཏེ། བོད་ལུགས་སྨན་རྫས་ཐོན་ལས་འཕེལ་རྒྱས་འབྱུང་བར་ནུས་ཤུགས་ཆེན་པོས་སྐུལ་སྤེལ་བྱས། ཚན་རྩལ་གསར་སྐྲུན་སྒུལ་ཤུགས་སུ་བསྒྱུར་བ་བརྒྱུད། ཁེ་ལས་ཀྱིས་མི་ཤུགས་དང་ཚོང་ར་བཅས་ཀྱི་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་བྱེད་པར་རྒྱབ་སྐྱོར་དང་སྣེ་ཁྲིད་བྱས་པ། ཐོན་ལས་དང་རིག་གནས་མཉམ་བསྲེས་ཀྱི་འཕེལ་རྒྱས་དཔེ་དབྱིབས་གསར་སྐྲུན་བྱས་པ། ལྷག་པར་རང་ཞིང་གིས་བོད་ལུགས་སྨན་བཅོས་དང་། ལུས་གསོ་བདེ་སྲུང་། ཚན་རིག་ཞིབ་འཇུག སློབ་གསོ། ཐོན་ལས། རིག་གནས། ཕྱི་ཕྱོགས་འབྲེལ་འདྲིས་ཏེ་“གནས་བདུན་ཕུང་གཅིག”གི་འཕེལ་རྒྱས་དཔེ་དབྱིབས་དམིགས་བསལ་གསར་གཏོད་བྱས་ཏེ། བོད་ལུགས་སྨན་རྫས་ཐོན་ཁུངས་ནུས་ལྡན་སྒོས་ཧྲག་སྡེབ་དང་ལེགས་སྒྱུར་བཀོད་སྒྲིག་བྱེད་པ་མངོན་འགྱུར་དང་། རང་རྒྱལ་གྱི་བོད་ལུགས་སྨན་བཅོས་ལས་དོན་འཕེལ་རྒྱས་འབྱུང་བར་སྣེ་ཁྲིད་དང་སྐུལ་སྤེལ་བྱས། བོད་ལུགས་སྨན་རྫས་ཐོན་ལས་ནི་རང་ཞིང་གི་ཁྱད་ཆོས་ལྡན་པའི་དགེ་མཚན་ཐོན་ལས་ཤིག་ཏུ་གྱུར།

ད་ལྟ། ཞིང་ཆེན་ཡོངས་ལ་གཞུང་བཙུགས་བོད(སོག)ལུགས་སྨན་ཁང་ཉེར་བརྒྱད་དང་། མི་རིགས་རང་སྐྱོང་ཁུལ་དྲུག་དང་ཁུལ་གཏོགས་རྫོང་དུ་གཞུང་བཙུགས་བོད་ལུགས་སྨན་ཁང་རེ་ཕལ་ཆེར་བཙུགས་ཡོད། བོད་ལུགས་སྨན་རྫས་ཐོན་ལས་ལ“ཨ་རུ”“འཇིགས་མེད”“ཤེལ་གོང”བཅས་ཀྱི་སྙན་གྲགས་ཀུན་ཁྱབ་ཀྱི་ཆས་རྟགས་ཡོད་པ་རེད། དེ་དང་ཆབས་ཅིག ཀྲུང་གོའི་ཚན་རིག་ཞིབ་འཇུག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སའོ་དང་། མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་། མཚོ་སྔོན་མི་རིགས་སློབ་ཆེན་བཅས་ཀྱི་ཚན་རིག་ཞིབ་འཇུག་གླིང་དང་སའོ་སོ་སོས་གཅིག་འཕྲོར་གཅིག་མཐུད་ནས་བོད་སྨན་ཚན་རིག་ཞིབ་འཇུག་བྱེད་པའི་ལས་ཁུངས་བཙུགས། མུ་ཏིག་བདུན་ཅུ་དང་། ཨ་གར་ཉེར་ལྔ་སོགས་བོད་སྨན་རྩ་ཆེན་སྐོར་ཞིག་གི་ཁ་ཚར་སྡེབ་སྦྱོར་སྔོག་འདོན་དང་ལེགས་སྒྲིག་བྱས། ཐོན་རྫས་གསར་པ་བཅུ་ལྷག་དང་རྒྱལ་ཁབ་ཀྱི་གཙོ་གནད་ཐོན་རྫས་ལྔ་གསར་གཏོད་བྱས།།

རྩོམ་སྒྲིག་པ། འབྲུག་མོ།