དེང་གི་དུས་འདིར་མི་རྣམས་བྱ་བར་བྲེལ་བ་ཆེ་ཞིང་། སློབ་མ་རྣམས་ལ་མཚོན་ན་སློབ་སྦྱོང་གི་ལས་འགན་ལྕི་བས། དགོང་མོར་གཉིད་འཕྱི་བ་དང་གཉིད་གཅོག་པའི་སྣང་ཚུལ་ནི་རྒྱུན་ལྡན་དུ་གྱུར་ཡོད། ལྷག་པར་དུ་མི་ལ་ལར་ཞོགས་པར་སྔ་མོར་ཡར་ལངས་བའི་གོམས་སྲོལ་མེད་པའི་ཁར། ནངས་ཇ་མི་འཐུང་བའི་གོམས་གཤིས་མི་ལེགས་པ་ཞིག་ཀྱང་ངང་གིས་ཆགས་ཡོད། དེ་ལྟར་རྒྱུན་པར་ནངས་ཇ་མ་འཐུང་ན་ལུས་ཕུང་གིས་ཇི་ལྟར་ལྕོགས། ནངས་ཇ་ནི་ཉིན་གཅིག་གི་ཟས་ཐུན་གསུམ་པོའི་ནང་གི་ཆེས་གལ་ཆེ་བའི་ཟས་ཐུན་ཉག་ཅིག་ཡིན། ཞག་གང་བོར་གཉིད་ནས་ངལ་གསོས་རྗེས་ཞོགས་པར་ལུས་ཕུང་གིས་ཡང་བསྐྱར་ཉིན་གཅིག་གི་བྱ་བ་དང་སློབ་སྦྱོང་ལེགས་པོ་ཞིག་བྱེད་པའི་མགོ་རྩོམ་དགོས་པས། སྐབས་དེར་ལུས་ཕུང་ལ་ཕུན་སུམ་ཚོགས་པའི་འཚོ་བཅུད་མཁོ་བ་ཡིན། དེ་བས་གཤམ་དུ་ནངས་ཇ་མི་འཐུང་བའི་གནོད་སྐྱོན་སྐོར་ངོ་སྤྲོད་རགས་ཙམ་བྱེད།
གཅིག མཁྲིས་པ་རྡོ་སྐྲན་ཆགས་སླ།
ཕྱི་རྒྱལ་གྱི་ཞིབ་འཇུག་རྣམ་གྲངས་ཤིག་ལས་བསྟན་པ་ལྟར་ན། བུད་མེད་ལ་མཁྲིས་པ་རྡོ་སྐྲན་འབྱུང་བའི་ལོ་ཚོད་ནི་ལོ་ཉི་ཤུ་ནས་སོ་ལྔའི་བར་ཡིན་ཞིང་། དེ་དག་ཁྲོད་ཧ་ལམ་བརྒྱ་ཆའི་བརྒྱད་ཅུ་ནས་དགུ་བཅུ་ཙམ་གྱིས་ནངས་ཇ་འཐུང་བཞིན་མེད་པ་རེད། གལ་ཏེ་རྒྱུན་པར་ནངས་ཇ་མ་འཐུང་ན་མཁྲིས་པ་རྡོ་སྐྲན་འབྱུང་བའི་ཉེན་ཁ་ཆེ་ཆེར་འཕར་སྲིད། དེའི་རྒྱུ་མཚན་ནི་ལྟོ་སྟོང་གི་སྐབས་སུ་ཕོ་བས་སྔར་བཞིན་འགུལ་སྐྱོད་བྱེད་བཞིན་ཡོད་པས། ཟགས་ཐོན་བྱུང་བའི་ཕོ་སྐྱུར་གྱིས་ཕོ་ལྡེབས་ངོས་སུ་ཕོག་ཐུག་གཏོང་བར་མ་ཟད་ཕོ་བའི་འབྱར་སྐྱིར་གནོད་པ་བཟོ་སྲིད། དེ་བས་མཁྲིས་སྣོད་ནང་གི་མཁྲིས་ཁུ་ཕྱིར་ཕུད་མ་ཐུབ་པས་མཁྲིས་ཁུའི་ཁྲོད་ཀྱི་མཁྲིས་རྒྱུ་གཤེར་རྩི་མང་པོ་མཉམ་དུ་བསགས་ནས་ཡུན་རིང་འགོར་བ་ལས་མཁྲིས་པ་རྡོ་སྐྲན་དུ་གྱུར་པ་རེད།
གཉིས་པ། སྙིང་ཤ་ཁེགས་ཤིའི་ནད་འབྱུང་སླ།
ནངས་ཇ་མ་འཐུང་ན་ད་དུང་སྙིང་ཤ་ཁེགས་ཤིའི་ནད་འབྱུང་སླ། ཕྱི་རྒྱལ་གྱི་སྙིང་ཁམས་ཁྲག་རྩའི་ནད་རིགས་ཕྱོགས་ཀྱི་ཆེད་མཁས་པས་བསྟན་དོན། ནངས་ཇ་མ་འཐུང་ན་ཕོ་བའི་ནང་དུ་ཟ་མ་ཅི་ཡང་མེད་པར་སྟོང་བར་གྱུར་བ་ལས་Bརིགས་ཀྱི་ཁྲག་རེང་ཟླུམ་སྤྲི་མང་པོ་ཁྲག་རྒྱུན་ནང་དུ་ཆགས་ནས་ཁྲག་རྒྱུན་སྲ་མོར་གྱུར་ཏེ་སྙིང་ཤ་ཁེགས་ཤིའི་ནད་བསླངས་པ་རེད།
གསུམ། ནད་མེད་ཚེ་རིང་འབྱུང་བར་ཤུགས་རྐྱེན་བཟོ་སྲིད།
རང་བྱུང་ཁམས་ལ་རང་བྱུང་ཁམས་ཀྱི་ཆོས་ཉིད་ཅིག་ཡོད་ཅིང་། མིའི་འབྱུང་གཞི་ལའང་འབྱུང་གཞིའི་ཆོས་ཉིད་ཅིག་ཡོད་པས། རབ་ཡིན་ན་ཆོས་ཉིད་དེ་དག་ལ་བསམ་གཟས་ནས་གཏོར་བརླག་མ་བྱས་ན་བཟང་། ནད་མེད་བདེ་ཐང་ངང་ཚེ་རིང་འབྱུང་བ་དེའང་གཙོ་བོ་འབྱུང་གཞིའི་ཆོས་ཉིད་དེ། མིའི་འགྲོ་འདུག་ཉལ་ཆག་གི་གོ་རིམ་ཁྲོད་ནས་བྱུང་བ་ཞིག་རེད། དཔེར་ན་ནངས་ཇ་མ་འཐུང་ན་འགྲོ་འདུག་ཉལ་ཆག་གི་རྒྱུན་ལྡན་གྱི་གོ་རིམ་འཆོལ་དུ་བཅུག་ནས། འཚོ་བཅུད་དུས་ཐོག་ཏུ་མཁོ་འདོན་བྱེད་མ་ཐུབ་པ་ལས་སྐྱེ་ལུགས་ཀྱི་ནུས་པ་ཉམས་ཞན་དུ་གྱུར་བ་དང་དེའི་ཁར་ནངས་ཇ་མ་འཐུང་བ་ལས་ནད་རིགས་སྣ་ཚོགས་བྱུང་ནས་ཚེ་རིང་ནད་མེད་ཡོང་བར་བར་ཆད་བཟོ་སྲིད།
བཞི། ལུས་ལ་ཚོ་འབུད་སྲིད།
ཚོ་བྱང་བར་འདོད་པའི་མི་རྣམས་ཀྱིས་བསམ་པར་ཟས་ཐུན་གསུམ་ལས་གཅིག་ཇེ་ཉུང་དུ་བཏང་ནའང་བཟང་བར་འདོད་དེ་ནངས་ཇ་མི་འཐུང་བ་རེད། ཡིན་ནའང་ནངས་ཇ་ནི་ཟས་ཐུན་གསུམ་པོའི་ཁྲོད་ཀྱི་ཆེས་གལ་ཆེ་བའི་ཟས་ཐུན་ཉག་ཅིག་ཡིན་པ་ཤེས་ཀྱིན་མེད། ནངས་ཇ་མི་འཐུང་བར་གུང་ཟས་དང་ནུབ་ཚ་མང་པོ་འཐུང་པ་དང་། ལྷག་པར་དུ་ནུབ་ཚའི་སྐབས་སུ་སྣུམ་ཟས་སྣུམ་ཆུའི་རིགས་བསྟེན་པ་མང་དྲགས་ན་ལུས་ཚོ་བསོག་སྲིད། ནུབ་ཚ་འཐུང་རྗེས་ཅང་མ་འགོར་བར་མལ་དུ་ཉལ་ནས་གཉིད་དགོས་སྟབས། ལུས་ཕུང་གིས་འགུལ་སྐྱོད་བྱས་ནས་ཟས་འཇུ་ཁོམ་མེད་པས། དེ་ལྟར་ཡུན་རིང་འགོར་ན་ལུས་སྟེང་དུ་ཚིལ་མང་པོ་བསགས་ནས་ལུས་ལ་ཚོ་འབུད་སྲིད། དེ་བས་ཟས་ཐུན་གསུམ་པོའི་བསྡུར་ཚད་ནི། 3:2:1 ལྟར་བྱས་ན་ཧ་ཅང་འཚམ།
ལྔ། རྩ་སྐམ་པོར་འགྱུར་སྲིད།
མགོ་ནག་ལྟོ་ལ་མ་རེ་བ་ཞིག་མེད་པས། ཟས་ཐུན་གསུམ་པོ་དུས་ལྟར་བསྟེན་པའི་གནས་ཚུལ་འོག་ཏུ། ཕོ་ལོང་གི་ནུས་པར་བརྟེན་ནས་ལུས་སྟེང་གི་ཟས་བཅུད་བསྡུ་ལེན་དང་སྙིགས་རོ་ཕྱིར་འདོར་དགོས་པ་ཡིན། ཡིན་ནའང་ཟས་ཐུན་གསུམ་པོར་དོ་སྙོམ་ཤོར་ན། ཕོ་ལོང་གི་ནུས་པར་ཡང་དོ་མཉམ་ཤོར་ནས་རྩ་སྐམ་པའི་སྣང་ཚུལ་འབྱུང་བ་རེད། རྩ་སྐམ་ནས་དུས་ལྟར་འདོར་མ་ཐུབ་ན་ངོ་གདོང་ལ་ནག་ཐིག་གམ་རྨ་འབུད་སྲིད།
དྲུག ཁྲག་མངར་དམའ་བའི་སྣང་ཚུལ་འབྱུང་སྲིད།
ཞག་གང་བོར་གཉིད་རྗེས། ལུས་སྟེང་གི་འཚོ་བཅུད་ཡོད་ཚད་ཞུ་ཟིན་པ་དང་། སྐབས་དེར་ཁྲག་མངར་གྱི་གར་ཚད་དེ་ཅུང་དམའ་མོའི་གནས་སུ་ཡོད་པས། གལ་ཏེ་ནངས་ཇ་མི་འཐུང་བའམ་ཡང་ན་ནངས་ཇ་ཉུང་ཙམ་འཐུང་ཚེ། ཁྲག་མངར་གྱི་གར་ཚད་ལ་ཁ་གསབ་ལེགས་པོ་བྱེད་མ་ཐུབ་པར། ལུས་སྟོབས་མེད་པ་དང་། མགོ་ཡུ་འཁོར་ཞིང་སྙིང་ཁམས་མི་བདེ་བ། རྐང་ལག་ལ་ཤེད་མེད་པ་སོགས་ཀྱི་ནད་རྟགས་འབྱུང་སྲིད་པར་མ་ཟད། ཐ་ན་ཁྲག་མངར་དམའ་བ་ལས་བརྒྱལ་འགྲོ་བའི་སྣང་ཚུལ་ཡང་འབྱུང་སྲིད་པས། གནོད་ཚབས་ཧ་ཅང་ཆེ།
བདུན། རིག་པ་ལྡིབ་པར་འགྱུར་བ།
གོང་དུ་བཤད་ཟིན་པ་ལྟར་ནངས་ཇ་ནི་ཟས་ཐུན་གསུམ་ལས་ཧ་ཅང་གལ་ཆེ་བས། གལ་ཏེ་དུས་ཐོག་ཏུ་ནངས་ཇ་འཐུང་ནས་ནུས་ཚད་ཁ་གསབ་མ་བྱས་ན། ཁྲག་མངར་གྱི་གར་ཚད་ལའང་ཁ་གསབ་བྱེད་ཐབས་བྲལ་བས། རིག་པ་སྒྲིམ་དཀའ་ཞིང་ངལ་དུབ་འབྱུང་སླ་བས། ཐང་ཆད་པ་དང་ལུས་ཤུགས་མེད་པར་གྱུར་ནས་རིག་པ་ལྡ་ལྡིབ་བམ་རིག་ལམ་ཇེ་དལ་དུ་འགྱུར་སྲིད།
བརྒྱད། ཕོ་བའི་ནད་འབྱུང་སླ།
ནངས་ཇ་མ་འཐུང་བར་ཉིན་གུང་བར་དུ་ལྟོ་སྟོང་དུ་བསྡད་ན། ཕོ་བ་ལྟོགས་ངེས་པ་དང་། ལྟོགས་པའི་སྐབས་སུ་ཕོ་སྐྱུར་ལངས་ནས་ཟགས་ཐོན་མང་པོ་འབྱུང་སྲིད་པས། ཕོ་བའི་གཉན་ཚད་དང་ཕོ་བ་སྨུག་པོའི་ནད་བསྐྱེད་སྲིད།
དགུ། ལུས་ཀྱི་རིམས་འགོག་ནུས་ཤུགས་ཇེ་ཞན་དུ་གཏོང་སྲིད།
ནངས་ཇ་མ་འཐུང་ན་སྐབས་ཐོག་དེར་ལྟོགས་སྣང་མེད་ནའང་། སྔ་དྲོའི་དུས་ཚོད་བཅུའི་ཡས་མས་སུ་ཐོན་དུས་ད་གཟོད་ལྟོགས་སྣང་འཆར་སྲིད། དེ་ལྟར་ཡུན་རིང་འགོར་ན་འཇུ་བྱེད་མ་ལག་གི་ནད་རིགས་འབྱུང་སྲིད་ཅིང་། ལུས་ཕུང་ལ་འཚོ་བཅུད་ཀྱིས་མི་འདང་བའི་གནས་ཚུལ་བྱུང་ནས་ལུས་ཀྱི་རིམས་འགོག་ནུས་ཤུགས་ཇེ་ཞན་དུ་གྱུར་ནས་ལུས་སྟོབས་ཉམས་རྒུད་དུ་འགྲོ་སྲིད།
བཅུ། རྒས་སླ་བ།
བུད་མེད་རྣམས་ཀྱིས་ལྷག་ཏུ་དོ་སྣང་བྱ་འོས་ཏེ། ནངས་ཇ་མི་འཐུང་བའི་གནོད་སྐྱོན་ཁྲོད་ཀྱི་གཅིག་ནི་རྒས་ཚད་མགྱོགས་པ་རེད། དེའི་རྒྱུ་མཚན་ཅི་ཡིན་ནམ་ཟེར་ན། ཉིན་གཅིག་གི་ཟས་ཐུན་གསུམ་པོ་ལས་ནངས་ཇའི་སྐབས་སུ་ལུས་ཕུང་ལ་འཚོ་བཅུད་མཁོ་འདོན་བྱས་པ་དེ་ཟས་ཐུན་གཞན་གཉིས་ཀྱིས་མཁོ་འདོན་ནམ་ཁ་གསབ་བྱེད་ཐབས་བྲལ་བ་རེད། ཕྱི་རྒྱལ་གྱི་འབྲེལ་ཡོད་ཞིབ་འཇུག་ལས་བདེན་དཔང་བྱས་པ་ལྟར་ན། ནངས་ཇའི་སྐབས་ཀྱི་ནུས་ཚད་དང་འཚོ་བཅུད་དེས་ཉིན་གང་བོའི་འཚོ་བཅུད་ལས་ཆེས་གལ་ཆེ་བའི་གོ་གནས་ཟིན་ཡོད། གལ་ཏེ་ནངས་ཇ་མ་འཐུང་ན། མིའི་ལུས་ཕུང་གིས་ལུས་སྟེང་དུ་གསོག་ཉར་བྱས་ཡོད་པའི་སྤྲི་དཀར་དང་མངར་ཆ་བསྡུ་ལེན་བྱེད་དགོས་པས། དེ་ལྟར་ཡུན་རིང་འགོར་ན་སྐྱི་པགས་སྐམ་པོར་གྱུར་ནས་ངོ་གདོང་ལ་གཉེར་མ་འབབ་པ་དང་། ཁྲག་ཤེད་ཞན་པའི་སྣང་ཚུལ་བྱུང་ནས་རྒས་མྱུར་བ་རེད། ནངས་ཇ་མི་འཐུང་བའམ་ཡང་ན་ནངས་ཇའི་འཚོ་བཅུད་མ་ལེགས་ན། ད་དུང་ལུས་སྟེང་དུ་འཚོ་བཅུད་ཀྱིས་མི་འདང་བའམ་ལྕགས་རྒྱུ་ཞན་པའི་རང་བཞིན་གྱི་ཟུངས་ཁྲག་ཟད་པའི་སྣང་ཚུལ་སོགས་ཀྱང་འབྱུང་སྲིད།
དེས་ན་སྤུས་ལེགས་ཞོགས་ཟས་ལ་ཇི་ལྟར་རོལ་དགོས་ཞེ་ན།
གཅིག ཞོགས་ཟས་ཀྱི་ཁྲོད་དུ་ངེས་པར་དུ་ཟས་རིགས་གཙོ་བོའི་རིགས་ཤིག་དགོས་པ་ཡིན།
དཔེར་ན་གོ་རེ་དང་། ཧུབ། ཤ་མོག་དང་ཚལ་མོག་ལྟ་བུ་དགོས་པ་ཡིན། ཡིན་ནའང་གཡིས་ནང་དུ་བཙོས་བའི་གོ་དམར་ལྟ་བུ་མ་ཟོས་ན་བཟང་།
གཉིས། ཞོགས་ཟས་ཀྱི་ནང་དུ་སྤུས་ལེགས་སྤྲི་དཀར་རིགས་ངེས་པར་དུ་མཁོ། སྤྲི་དཀར་ནི་ལུས་སྟེང་དུ་ངེས་པར་མཁོ་བའི་རིགས་ཤིག་སྟེ། དེས་ལུས་སྟོབས་བསྐྱེད་པ་དང་ལུས་ཀྱི་རིམས་འགོག་ནུས་ཤུགས་ཇེ་བཟང་དུ་གཏོང་ཐུབ། དེ་བས་ཞོགས་ཟས་ལ་སྒོ་ང་དང་འོ་མ། ཞོ། སྲན་ཁུ་སོགས་ཟ་བའམ་འཐུང་ན་ལེགས་ཤིང་དེས་སྤུས་ལེགས་སྤྲི་དཀར་རིགས་ཀྱང་མཁོ་འདོན་བྱས་ཡོད་པ་ཡིན།
གསུམ། ཞོགས་ཟས་ཀྱི་ཁྲོད་དུ་སྔོ་ཚོད་ཀྱི་རིགས་ཀྱང་དགོས། སྔོ་ཚོད་ཀྱི་ནང་དུ་འཚོ་རྒྱུ་བེ་ཧྲིན་སུའུ་རིགས་ཀྱི་གཏེར་དངོས་རྒྱུ་དང་ཚི་སྣའི་རྒྱུ་མང་པོ་འདུས་པས། སྐྱི་པགས་བརླན་པར་བྱེད་པ་དང་། རྩ་སྐམ་པར་མི་བྱེད་པ་སོགས་ཀྱི་ཁྱད་ཆོས་ལྡན། ཞོགས་ཟས་ཀྱི་སྐབས་སུ་སྔོ་ཚོད་མང་པོ་མི་དགོས་ཏེ་ཧ་ཅང་སྟབས་བདེ་བའི་སྔོ་ཚོད་རེ་གཉིས་གྲ་སྒྲིག་བྱས་པས་ཆོག
བཞི། ཞོགས་ཟས་ཀྱི་ཁྲོད་དུ་ཤའང་ཟོས་ཆོག ཡིན་ནའང་མང་པོ་མི་ཟ་བར་ཉུང་ཙམ་ཟ་དགོས། ཚྭ་མང་པོའི་ཟས་རིགས་སམ་ཚྭ་མང་པོའི་ཤའི་རིགས་གཏན་ནས་མ་ཟོས་ན་བཟང་།
ཞོགས་ཟས་དེའང་མལ་ལས་ལངས་མ་ཐག་ཏུ་མི་ཟ་བར་དུས་ཡུན་ཅུང་ཙམ་འགོར་རྗེས་བསྟེན་ན་འོས་འཚམ་ཡིན། མལ་ལས་ལངས་མ་ཐག་ཏུ་བསྟེན་ན་ཕོ་བར་གནོད་ཅིང་ཁྲག་ཤེད་ཇེ་མཐོར་འགྲོ་སྲིད།
ཞོགས་ཟས་ནི་ཉིན་གཅིག་གི་ཟས་ཐུན་གསུམ་པོའི་ཁྲོད་ཀྱི་ཆེས་གལ་ཆེ་བའི་ཟས་ཐུན་ཉག་ཅིག་ཡིན་ནའང་མང་བཟའ་མང་འཐུང་བྱེད་མི་རུང་སྟེ། ཕོ་བའི་སུམ་ཆའི་གཉིས་ཙམ་འགྲངས་པས་ཆོག
ཞོགས་ཟས་ཟོས་མ་ཐག་ཏུ་འགུལ་སྐྱོད་དེ་བས་ཀྱང་བྱེད་མི་རུང་། ཞིབ་འཇུག་ལས་ཤེས་པ་ལྟར་ན། ཟ་མ་ཟོས་རྗེས་སུ་དུས་ཡུན་སྐར་མ་བཅོ་ལྔ་ནས་ཉི་ཤུ་ཙམ་ལ་ངལ་གསོས་ནས་འགུལ་སྐྱོད་མ་བྱས་ན་བཟང་། མི་ལ་ལར་ད་དུང་ཟ་མ་ཟོས་རྗེས་བྲང་ཁའི་གནས་སུ་མི་བདེ་བའི་ཚོར་སྣང་ཡང་ཡོད་པས། ཟ་མ་ཟོས་རྗེས་དུས་ཚོད་ཕྱེད་ཀ་ཙམ་ལ་ངལ་གསོ་བ་དང་དེ་ནས་ད་གཟོད་འགུལ་སྐྱོད་བྱས་ན་ཧ་ཅང་འཚམ།
གོང་གི་ཤེས་བྱ་འདི་མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང་གིས་འདོན་སྤྲོད་བྱས་པ་ལྟར་འབྲུག་མོས་བསྒྱུར་བ་ཡིན།
ལོ་ཙཱ་བ། འབྲུག་མོ།