བུད་མེད་ཀྱི་བདེ་སྲུང་བྱ་ཚུལ།
2018.08.22 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 145

བུད་མེད་ཀྱི་འཕྲོད་བསྟེན་བདེ་སྲུང་ནི་མིའི་རིགས་སྤྱིའི་བདེ་ཐང་དང་འབྲེལ་བ་གལ་ཆེན་ལྡན་པའི་བྱ་བ་ཞིག་ཡིན་ལ། བུད་མེད་ཀྱིས་བདེ་སྲུང་ཤེས་བྱ་མང་ཙམ་ཤེས་རྟོགས་ཐུབ་མིན་དེའང་ཁྱིམ་ཚང་འགྲིག་མཐུན་ཡོང་མིན་དང་། སྤྱི་ཚོགས་ཧྲིལ་བོའི་འཕྲོད་བསྟེན་བདེ་སྲུང་གི་གནད་དོན་དང་འབྲེལ་བ་ཟབ་མོ་ཡོད། འོན་ཀྱང་འཛམ་གླིང་ཡོངས་ཀྱི་ངོས་ནས་བཤད་ནའང་བུད་མེད་ཚོའི་འཕྲོད་བསྟེན་བདེ་སྲུང་གི་འདུ་ཤེས་ད་དུང་དེ་འདྲའི་ཚད་མཐོན་པོར་སླེབས་མེད་ལ། དཔལ་འབྱོར་དང་རིག་གནས་ལྟོས་བཅས་རྗེས་ལུས་ཡིན་པའི་ས་ཁུལ་ཁག་ཏུ་ད་དུང་བུད་མེད་རྣམས་དམན་སར་འཇོག་ཅིང་། བུད་མེད་ཀྱི་འཕྲོད་བསྟེན་བདེ་སྲུང་བྱ་བར་དེ་བས་ཀྱང་སྣང་ཆུང་བྱེད་བཞིན་ཡོད་པ་རེད།

གཅིག ལང་ཚོ་རྒྱས་དུས་ཀྱི་བདེ་སྲུང་།

བུད་མེད་ཀྱི་ལུས་ཁམས་ནི་སྐྱེས་པ་དང་མི་འདྲ་བར་འགྱུར་ལྡོག་སྣ་ཚོགས་བརྒྱུད་དགོས་པ་ཡིན་ཏེ། དཔེར་ན། ན་ཆུང་གི་དུས་སྐབས་དང་། སྦྲུམ་མའི་དུས་སྐབས། ནུ་མ་བསྣུན་པའི་དུས་སྐབས་སོགས་ཡོད་ལ། ཟླ་རེ་བཞིན་ཟླ་མཚན་འབབ་པའི་སྐབས་སུ་སྐྱེ་ལམ་མ་ལག་ལ་འགྱུར་བ་སྣ་ཚོགས་འབྱུང་བ་ཡིན། དེ་ཡང་ལོ་བཅུ་ནས་བཅོ་ལྔའི་དུས་ནས་མགོ་བཙུགས་ཏེ་ན་ཆུང་མའི་ལང་ཚོ་རྒྱས་པའི་དུས་སུ་སླེབས་པ་དང་། དེ་ཡང་གཟུགས་དབྱིབས་འགྱུར་བ་དང་། ནུ་མ་རྒྱས་པ། ཟླ་མཚན་འབབ་པ་སོགས་བྱིས་པའི་དུས་སྐབས་དང་མི་འདྲ་བའི་འགྱུར་བ་སྣ་ཚོགས་ཡོང་བ་མ་ཟད། བུད་མེད་ཀྱི་སྐུལ་རྒྱུ་འཕེལ་བའི་ཤུགས་རྐྱེན་ལས་སེམས་ཁམས་ལ་ངོ་ཚ་སྨིན་ཞིང་། སྐྱེས་པ་དང་འཕྲད་འདོད་པ། སེམས་ཁམས་ལ་འགྱུར་ལྡོག་མང་བ་སོགས་ཀྱི་སྣང་ཚུལ་འབྱུང་བ་ཡིན། སྐབས་དེར་ཡང་སྐྱེས་མའི་ལུས་ཁམས་ཀྱི་སྤྱིའི་གྲུབ་ཚུལ་དང་། ཆོས་ཉིད། འགྱུར་ལྡོག་བཅས་ལ་ཤེས་རྟོགས་དང་ངོས་འཛིན་གང་ལེགས་བྱས་ནས་གཅིག་ནས་རང་གི་ལུས་ཁམས་ཀྱི་ཆོས་ཉིད་དང་མཐུན་པའི་བདེ་སྲུང་ལ་དོ་སྣང་དང་། གཉིས་ནས་ལང་ཚོ་རྒྱས་བཞིནཔའི་སྐབས་ཀྱི་ཕྱི་རོལ་ཡུལ་གྱི་འགལ་རྐྱེན་སྣ་ཚོགས་ལ་ལུགས་མཐུན་གྱི་སྒོ་ནས་མཐུན་སྒྲིག་ཡོང་བ་བྱེད་དགོས།

གཉིས། ཟླ་མཚན་གྱི་འབྲེལ་ཡོད་ཤེས་བྱ།

གཅིག ཟླ་མཚན་ནི་བུད་མེད་རྣམས་ལང་ཚོ་དར་ལ་བབས་པའི་དུས་ནས་མགོ་ཚུགས་ཏེ་འབབ་པ་དང་། སྤྱིར་བཏང་ཉིན་ཉི་ཤུ་རྩ་བརྒྱད་ཀྱི་མཚམས་སུ་ཐེངས་རེ་འབབ་པ་དང་། འགའ་རེ་ཉིན་བཞི་བཅུ་ཞེ་ལྔ་ཙམ་ནས་ཐེངས་རེ་འབབ་མཁན་ཡང་ཡོད། ཟླ་མཚན་འབབ་པའི་དུས་ཡུན་སྤྱིར་ན་ཉིན་གསུམ་ནས་ལྔའི་བར་ཡིན་པ་དང་། བུད་མེད་ནད་མེད་ཀྱི་ཟླ་མཚན་ནི་དམར་ལ་དྭངས་པ་རྒྱ་ཚོས་ཀྱི་ཁུ་བ་ལྟ་བུ་བཅས་ཡིན།

གཉིས། ཟླ་མཚན་འབབ་པའི་གོང་གི་ཉིན་ཤས་ནང་ལུས་ཁམས་མི་བདེ་བའི་ཚོར་སྣང་སྣ་ཚོགས་འབྱུང་བ་དཔེར་ན། ནུ་མ་གཟེར་བ་དང་། རྒྱུ་ཞབས་སྦོས་སྙམ་བྱེད་པ། བཤང་བ་འགག་པ། ལུས་ངལ་བ། ཤ་གནད་རྣམས་གཟེར་བ། སྐྱེས་ལམ་གྱི་བརླན་བཤེར་ཇེ་མང་དུ་འགྲོ་བ། གདོང་ལ་འབྲུམ་ཐོར་འབྱུང་བ་སོགས་ནད་རྟགས་སྣ་ཚོགས་འབྱུང་སྲིད།

གསུམ། ཟླ་མཚན་འབབ་པའི་སྐབས་སུ་འཕྲོད་བསྟེན་གཙང་སྦྲའི་ཕྱོགས་ལ་དོ་སྣང་གང་ལེགས་བྱས་ནས། འདོམ་ཤོག་གཙང་མ་ཡང་ཡང་བརྗེ་བ་དང་། སྐྱེས་ལམ་ལ་ཆུ་དྲོན་གྱིས་གཙང་མར་བཀྲུ་བ། ལུས་ཁམས་ཀྱི་དྲོད་སྲུང་ལ་དོ་སྣང་གང་ལེགས་བཅས་བྱེད་དགོས།

བཞི། ཟླ་མཚན་འབབ་པའི་སྐབས་ཚོད་སྣག་མང་ཙམ་ཟོས་ན་ལྕགས་རྒྱུ་ཁ་གསབ་དང་ཁྲག་གསོ་རྒྱུར་ཕན་པ་ཡིན།

ལྔ། ཟླ་མཚན་ནི་བུད་མེད་རྣམས་ཀྱི་བདེ་ཐང་གི་མཚོན་རྟགས་ལྟ་བུ་ཞིག་ཡིན་པས། ཟླ་མཚན་སྔ་མོ་ནས་ཆད་པ་ནི་ན་ཚོད་རྒས་པའི་སྔོན་རྟགས་ཤིག་ཡིན་པ་སྟེ། གསོ་རིག་མཁས་པས་ཞིབ་འཇུག་བྱས་པ་ལས། བུད་མེད་ཀྱི་མི་ཚེ་ཧྲིལ་པོར་ཁམས་དམར་ཧའོ་ཧྲིན400ནས500ཡས་མས་ཕྱིར་འབུད་ཀྱིན་ཡོད་ཅིང་། ཟླ་མཚན་ཐོག་མར་བབས་པ་ནས་ཟླ་མཚན་ཡོངས་སུ་ཆད་པའི་དུས་ནི་སྤྱིར་བཏང་དུ་ལོ་ལྔ་བཅུ་ཡས་མས་ཡིན་ལ། བདེ་ཐང་གི་བུད་མེད་ཅིག་ལ་མཚོན་ན་ཟླ་མཚན་ཆད་པའི་དུས་ནི་རང་ལོ་ང་ལྔ་ཡས་མས་ཡིན་དགོས་པ་རེད།

འོན་ཀྱང་རང་ལོ་སོ་ལྔ་ཙམ་ནས་བསམ་སེའུ་ཡི་ནུས་པ་རིམ་བཞིན་ཇེ་ཞན་དུ་འགྲོ་བ་དང་མཉམ་དུ་བུད་མེད་ཀྱི་སྐུལ་རྒྱུ་རིམ་བཞིན་ཇེ་ཉུང་དུ་འགྲོ་བ་དང་། ཟླ་མཚན་ཡང་རང་བཞིན་དུ་དུས་ལྟར་འབབ་མི་ཐུབ་པ་ཡིན། བུད་མེད་མང་པོ་ཞིག་བསམ་སེའུ་ཡི་འཚོ་བཅུད་ཚུལ་བཞིན་མ་འདང་བ་ལས་རང་ལོ་བཞི་བཅུའི་གོང་དུ་ཟླ་མཚན་ཆད་པ་དང་མཉམ་དུ་པགས་མདོག་སེར་སྐྱ་དང་། པགས་པ་རྩུབ་པ། གཉེར་མ་ཇེ་མང་དུ་འགྲོ་བ། གཉིད་ལམ་མང་ཞིང་གཉིད་ཡེར་བ། དྲན་ཤེས་ཇེ་ཞན་དུ་འགྲོ་བ། བརྩེ་དུང་གི་ཚོར་བ་ཇེ་ཆུང་དུ་འགྲོ་བ་སོགས་ཀྱི་སྣང་ཚུལ་འབྱུང་བ་ཡིན།

ཟླ་མཚན་སྔ་ནུར་དུ་ཆད་པའི་མི་ལ་ཁམས་ཟད་དུས་སྐབས་སྔ་ནུར་འབྱུང་བ་མ་ཟད། ལང་ཚོ་རྒས་པའི་མངོན་རྟགས་རྣམས་རིམ་བཞིན་འབྱུང་བ་ཡིན་ཏེ། དཔེར་ན་ལུས་ཤུགས་མེད་པ་དང་། སེམས་ལ་སུན་སྣང་སྣ་ཚོགས་སྐྱེ་བ། དྲན་ཤེས་ཉམས་པ། གཉིད་ཡག་པོ་མི་ཁུག་པ་སོགས་ཡིན། དེར་མ་ཟད་སྨན་ཁང་གི་སྡོམ་རྩིས་ལས་བུད་མེད་ཀྱི་འབྲས་སྐྲན་ནད་མང་ཆེ་བ་ཟླ་མཚན་ཆད་པའི་རྗེས་ཀྱི་བུད་མེད་ལ་འབྱུང་བ་ཡིན་ལུགས་བཤད་འདུག

ཟླ་མཚན་ཆད་པ་ཇི་ཙམ་འཕྱི་ན་དེ་ཙམ་ཚེ་རིང་ཞིང་། དབྱིན་ཇིའི་ཉིའུ་ཅིན་སློབ་ཆེན་གྱི་ཚན་རིག་མཁས་པས་སྤྱི་ལོ1986ལོ་ནས་སྤྱི་ལོ2001ལོའི་བར་བུད་མེད9400ཙམ་ལ་བཅར་འདྲི་ཞིབ་འཇུག་བྱས་པ་ལས་ཟླ་མཚན་ཅི་ཙམ་ཆད་འཕྱི་བ་རྣམས་དེ་ཙམ་དུ་ཚེ་རིང་བ་ཡོད་ལུགས་བསྟན་ཡོད།

དྲུག ལང་ཚོ་དར་བའི་སྐབས་སུ་ཟླ་མཚན་ནི་བུད་མེད་ཚོའི་ལུས་ཁམས་ཀྱི་ཆོས་ཉིད་ལ་འགྱུར་ལྡོག་ཅི་བྱུང་གི་མངོན་རྟགས་ཤིག་ཡིན་ཏེ། དཔེར་ན་མངལ་དུ་བྱིས་པ་འཁོར་ན་ཟླ་མཚན་མི་འབབ་པ་དང་། དེ་མིན་བུ་སྣོད་ཀྱི་སྐྲན་རིགས་ཕལ་ཆེ་བར་ཟླ་མཚན་མི་འབབ་པའམ་ཟླ་མཚན་མི་ཆད་པ་སོགས་རྒྱུན་ལྡན་ལས་འགལ་བའི་སྣང་ཚུལ་ཐོན་པ་ཡིན་པས། བུད་མེད་ཚོས་ཟླ་མཚན་གྱི་ཆོས་ཉིད་ལ་དོ་སྣང་ནན་མོ་བྱས་ནས་ནད་རིགས་སྣ་ཚོགས་ལ་སྔ་མོ་ནས་བརྟག་དཔྱད་དང་ངོས་འཛིན་ཐུབ་པ་བྱེད་དགོས།

《བདེ་སྲུང་རྒྱུན་ཤེས》ཞེས་པའི་དཔེ་དེབ་ལས་བཤུས། 

རྩོམ་སྒྲིག་པ། འབྲུག་མོ།