ཉེ་བའི་ལོ་འདི་འགར། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གིས་ཚན་ཁག་འཛུགས་སྐུན་བྱེད་པ་གཙོར་བཟུང་སྟེ། སྨན་བཅོས་འཇོན་མིའི་དཔུང་སྡེ་གསོ་སྐྱོང་བྱ་རྒྱུ་དེ་སྨན་ཁང་འཕེལ་རྒྱས་སུ་གཏོང་བའི་རྩ་བའི་འགྲན་རྩོད་སྟོབས་ཤུགས་སུ་བཟུང་ནས། སྨན་བཅོས་ཐོན་ཁུངས་དང་སྨན་འཇོན་མིའི་ཐོན་ཁུངས་མི་འདང་པའི་རྣམ་པའི་འོག མོ་ནད་ཚན་ཁག་དང་བུ་སྐྱེ་ཚན་ཁག ཀྲུང་ལུགས་གཅིན་སྙི་ཚན་ཁག བྱིས་པའི་ཚན་ཁག་སོགས་བཙུགས་པ་དང་། ཚན་ཁག་དེ་དག་ཞིང་ཆེན་ནང་ཁུལ་གྱི་ཁྱད་ལྡན་ཚན་ཁག་ཏུ་གྱུར་ཡོད་པས། ཕྱོགས་གང་ཅིའི་ཐད་དུ་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་བླངས་ཡོད།
མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གིས་རང་ངོས་གནས་ཚུལ་དང་འཚམས་པའི་སྨན་བཅོས་འཇོན་མི་གསོ་སྐྱོང་འཆར་འགོད་ཞིབ་འཇུག་སྒྲིག་བཟོ་བྱས་ཏེ། རིམ་པ་གསུམ་བགར་ནས་ཤུགས་ཆེན་པོས་ལག་བསྟར་བྱས།
གཅིག རྒྱལ་སྤྱིའི་བརྗེ་རེས་མཉམ་འབྲེལ་སྤེལ་པ། ཉིས་སྟོང་བརྒྱད་ལོའི་ཚུན་ལ། སུའུ་ཙེར་དང་ཨ་རི། ཧོའུ་ལན། ཏན་མའེ་སོགས་ཀྱི་རྒྱལ་ཁབ་ནས་ཕྱི་ནད་ཚན་ཁག་དང་ཁོག་ནད་ཚན་ཁག མོ་ནད་ཚན་ཁག བྱིས་ནད་ཚན་ཁག གཉོར་སྐྱོང་ཚན་ཁག་གི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཉི་ཤུ་ལྷག་ནང་འདྲེན་བྱས་ཏེ། དུས་ཡུན་རིང་པོ་དང་འབྲིང་བ། ཐུང་པོའི་རྣམ་པའི་སྒོ་ནས་སྨན་ཁང་དུ་བྱ་བ་གཉེར་ནས། སྨན་ཁང་གི་སྨན་བཅོས་འཇོན་མིའི་འཕེལ་རྒྱས་དང་འདུ་ཤེས་གསར་འགྱུར་ལ་སྣེ་ཁྲིད་བྱས།
གཉིས། རྒྱལ་ནང་གི་སྨན་བཅོས་འཇོན་མི་ནང་འདྲེན་ལ་རྐང་བཙུགས་པ། མཚོ་སྔོན་ཞིང་ཆེན་གྱི“འཇོན་མི་སྟོང་ཕྲག་གི་འཆར་འགོད་གསར་སྐྲུན་བྱེད་པ”དང“འབུམ་རམས་པའི་ཞབས་ཞུ་ཚོགས་པ”སོགས་ཀྱི་འཇོན་མིའི་ལས་གཞི་ལ་བརྟེན་ནས། རྒྱལ་ནང་གི་སྤུན་ཟླའི་སྨན་ཁང་གི་བརྗེ་རེས་མཐུན་སྒྲིག་ལ་སྔར་ལས་ཤུགས་སྣོན་བྱས། ཉིས་སྟོང་བཅུ་བཞི་ལོར་མཉེན་གཤིས་རང་བཞིན་དང་ལས་སྤོ་ནང་ཞུགས་སོགས་ཀྱི་རྣམ་པས་རིམ་པ་མཐོ་བའི་ཆེད་མཁས་པ་བཅུ་ལྷག་ནང་འདྲེན་བྱས་པའི་ཚུན་ལ། སྨན་ཁང་གི་ཚན་ཁག་སོ་སོའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་ཐེབས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སྙིང་ཁམས་ཁྲག་རྩའི་ནད་ཀྱི་ཆེས་མཁས་པའི་ལས་གཉེར་ས་ཚིགས་ཐོག་མའང་བཙུགས།
གསུམ། སྨན་བཅོས་འཇོན་མི་གསོ་སྐྱོང་ལ་རྐང་བཙུགས་པ། དེ་སྔའི་སྨན་བཅོས་འཇོན་མི་ཤོར་ཚད་ཧ་ཅང་ཚབ་ཆེན་ཡིན་པའི་གནད་དོན་ལ་ནན་ཏན་གྱིས་དབྱེ་ཞིབ་བྱས་ཏེ། སྨན་ཁང་གི་རྐང་འཛིན་འཇོན་མི་ལ་རྒྱལ་ཁབ་ཕྱི་ནང་གི་གསོ་སྐྱོང་འཆར་འགོད་སྒྲིག་བཟོ་གཏན་འབེབས་བྱས་ཏེ། སྨན་ཁང་གི་འཇོན་མིའི་དཔུང་སྡེའི་སྤྱིའི་བྱང་ཚད་ཁྱོན་ཡོངས་ནས་ཇེ་མཐོར་ཕྱིན་ཡོད།
རྩོམ་སྒྲིག་པ། འབྲུག་མོ།