སྦྲུམ་འགོག་གི་ཤེས་བྱ།
2018.09.03 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 93

དེང་སྐབས་བུད་མེད་རྣམས་ཀྱིས་སྤྱི་ཚོགས་ཀྱི་གནོན་ཤུགས་དང་། རང་རང་གི་འཚོ་བའི་ཆ་རྐྱེན་སོགས་ལས་སྦྲུམ་འགོག་གི་ཐབས་ཤེས་སྣ་ཚོགས་མི་སྤྱོད་ཐབས་མེད་རེད། དེ་ནི་དེང་གི་དུས་འདིར་བུད་མེད་ཞིག་གི་ངོས་ནས་འཇིག་རྟེན་འདིར་འཚོ་གནས་བྱེད་པའི་བརྒྱུད་རིམ་ནང་གཡོལ་ཐབས་མེད་པའི་གནད་དོན་ཞིག་ཡིན། དེ་ལ་སྦྲུམ་འགོག་གི་བྱེད་ཐབས་ཀྱང་མང་པོ་ཡོད་ཅིང་། མདོར་བསྡུས་ནས་བཤད་ན་སྲོལ་རྒྱུན་དང་དེང་རབས་གཉིས་ལས་གྲུབ་ཡོད་པ་སྟེ། སྲོལ་རྒྱུན་གྱི་ཐབས་ཤེས་ནི། ཁུ་བ་ཕྱིར་ཕུད་པའི་ཐབས་ཤེས་དང་། ཟླ་མཚན་ལ་བརྟག་པ། བོད་སྨན་བསྟེན་པ་སོགས་ཡོད་ལ། དེང་རབས་སྦྲུམ་འགོག་གི་ཐབས་ཤེས་ནི་སྦྲུམ་འགོག་ཤུབས་གོན་པ་དང་། སྨན་རིགས་བསྟེན་པ། དཔུང་ཁབ་འཇོག་པ། ཁབ་རྒྱག་པ། ཨ་ལོང་འཇོག་པ། གཤགས་བཅོས་བྱེད་པ་སོགས་ཐབས་ཤེས་མང་པོ་ཡོད།

གཅིག སྦྲུམ་འགོག་ཡོད་བྱད།

1.སྦྲུམ་འགོག་ཤུབས།

དེ་ལ་ཡང་སྐྱེས་པའི་མཚན་ཤུབས་དང་སྐྱེས་མའི་མཚན་ཤུབས་བཅས་རིགས་གཉིས་ཡོད་ཅིང་། གཉིས་ཀ་སྦྲུམ་འགོག་གི་ནུས་པ་ཤིན་ཏུ་བཟང་བར་མ་ཟད། ཨའེ་ཙིའི་ནད་སོགས་འགོས་ནད་འགོག་པའི་ནུས་པའང་ཤིན་ཏུ་བཟང་། འོན་ཀྱང་ཡུན་རིང་བེད་སྤྱོད་བཏང་ན་བུད་མེད་ལ་སྐྱེ་ལམ་གཉན་ཚད་འབྱུང་བའི་ཉེན་ཁ་ཆེ་བར་མ་ཟད། མཚན་ཤུབས་ངོས་ཀྱི་འཇམ་འདྲེད་སྣུམ་གྱིས་མངལ་སྐེར་འབྲུམ་རྡོ་ཆགས་པའི་ཉེན་ཁའང་ཆེ།

2.སྦྲུམ་འགོག་ཨ་ལོང་།

སྦྲུམ་འགོག་ཨ་ལོང་དེ་སྨན་ཁང་དུ་སོང་ནས་སྐྱེ་ལམ་དུ་འཇོག་དགོས་པ་དང་། དེས་ཁམས་དཀར་དམར་འདྲེས་མི་ཐུབ་པར་བྱེད་ཐུབ་པས་སྦྲུམ་འགོག་གི་ནུས་པ་བཟང་ཞིང་། ལོ་མང་པོར་སྦྲུམ་འགོག་གི་ནུས་པ་ཐོན་ཐུབ། འོན་ཀྱང་མཚང་ཁོག་གཉན་ཚད་དང་། སྐྱེ་ལམ་གཉན་ཚད། མངལ་སྐེའི་འབྲུམ་རྡོལ། ཟླ་མཚན་མི་སྙོམས་པ། བུ་སྣོད་འབྲས་སྐྲན་སོགས་ལུས་ཁམས་ལ་ཚབས་ཆེ་བའི་ནད་རིགས་ཡོད་ཚེ་ཨ་ལོང་འཇོག་མི་རུང་ཞིང་། གལ་ཏེ་ཨ་ལོང་བཞག་ཚེ་ཟླ་མཚན་འབབ་ཚད་ཇེ་མང་དུ་འགྲོ་བའམ། གོང་གསལ་གྱི་གཉན་ཚད་དེ་དག་གི་ནད་བབ་ཇེ་ལྗིད་དུ་འགྲོ་བ། དེར་མ་ཟད་ཨ་ལོང་གིས་སྐྱེ་ལམ་དུ་ནད་འབུ་བསྐྱེད་པའི་རྐྱེན་བྱེད་སྲིད་པས། ཨ་ལོང་བཞག་རྗེས་ཁྲུས་གཞོང་ནང་དུ་ཁྲུས་བྱེད་མི་རུང་ལ། རྒྱུན་དུ་སྐྱེ་ལམ་ལ་གཙང་སྦྲ་ལེགས་པོ་དང་། འདོམ་ཤོག་གཙང་མ་མང་ཙམ་བརྗེ་དགོས། ཨ་ལོང་བཞག་ནས་ཟླ་གསུམ་འགོར་རྗེས་བསྐྱར་དཔྱད་ཐེངས་རེ་བྱེད་དགོས། ཨ་ལོང་བཞག་ནས་ཟླ་གསུམ་ནང་དང་ལྷག་པར་དུ་ཟླ་མཚན་འབབ་པའི་སྐབས་སུ་ཨ་ལོང་ལྷུང་ཡོད་མེད་ལ་དོ་སྣང་བྱེད་དགོས། ཨ་ལོང་འཇོག་པའི་དུས་ཡུན་ནམ། དེས་ཐོན་པའི་ནུས་པའི་ཚད་ནི་སྤྱིའི་ཆ་ནས་བཤད་ན་ངར་ལྕགས་ལས་བཟོས་པའི་ཨ་ལོང་ལོ་བཅོ་ལྔ་ནས་ཉི་ཤུའི་བར་ཡིན་ཞིང་། འགྱིག་ལས་བཟོས་པའི་རིགས་ལོ་ལྔ་ནས་བདུན་བར་ཡིན། དེ་བཞིན་སྙིང་གི་ནད་གཞི་དང་ཁྲག་ཤེད་མཐོ་བའི་ནད་ཡོད་ཚེ་ཨ་ལོང་བཀོལ་མི་རུང་ལ། ཨ་ལོང་བཞག་རྗེས་ལུས་ཁམས་ལ་མི་བདེ་བའི་ཚོར་སྣང་བྱུང་ན་དུས་ཐོག་ཏུ་སྨན་ཁང་ལ་སོང་ནས་སྨན་པར་གནས་ཚུལ་གསལ་བོར་འདྲི་དགོས།

དཔྱད་གཞིའི་ཡིག་རིགས་སུ་འཁོད་པ་ལྟར་ན། ཨ་ལོང་ཡུན་ཚད་ལྟར་བཞག་རྗེས་ཕྱིར་བླངས་པའི་བུད་མེད་ལས་ལ་ལར་ལོ་ཕྱེད་ཙམ་འགོར་རྗེས་མངལ་འཁོར་བ་ཡིན་ལ། ལ་ལར་ལོ་གཅིག་ཙམ་འགོར་རྗེས་ད་གཟོད་མངལ་འཁོར་ཐུབ་པ་ཡིན།

3.དཔུང་ཁབ།

ཟླ་མཚན་རྒྱུན་ལྡན་མིན་པར་འགྱུར་བ་ནི་དཔུང་ཁབ་བཞག་པའི་རྗེས་ཀྱི་རྒྱུན་མཐོང་གི་གནོད་སྐྱོན་ཞིག་ཡིན་ལ། གཞན་ཡང་དཔུང་ཁབ་བཞག་ནས་ཟླ་གསུམ་ནང་སྐྱེ་ལམ་ནས་ཁྲག་ཅུང་ཟད་འབབ་མཁན་བརྒྱ་ཆའི་སོ་དྲུག་དང་གྲངས་ཆུང་ལྔ་ཟིན་གྱིན་ཡོད་ལ། དེའི་ནང་ནས་བརྒྱ་ཆའི་བདུན་ཅུ་ཙམ་གྱི་བུད་མེད་ལ་ལོ་གཅིག་ཙམ་འགོར་རྗེས་རྒྱུན་ལྡན་དུ་འགྱུར་སྲིད་ལ། བུད་མེད་ལ་ལ་ཞིག་ལ་ལོ་གཉིས་ཙམ་འགོར་ན་ད་གཟོད་རྒྱུན་ལྡན་དུ་འགྱུར་བའང་ཡོད། དེར་བརྟེན་བསྐྱར་དཔྱད་བྱེད་སྐབས་ཀྲུང་སྨན་ཁ་ཤས་སྨན་པའི་ངག་ལྟར་བསྟེན་ན་འགྲིག དེ་བཞིན་བུད་མེད་ཉུང་ཤསཤིག་ལ་མགོ་ཡུ་འཁོར་བ་དང་། མགོ་ན་བ། སྐྱུག་མེར་ལངས་པ་སོགས་མངལ་སྦྲུམ་པའི་སྐབས་ཀྱི་་ནད་རྟགས་འདྲ་བ་འབྱུང་སྲིད་མོད། དེ་དག་གཞི་རྩའི་ཆ་ནས་ཟླ་གཉིས་གསུམ་སོང་རྗེས་རང་བཞིན་གྱིས་ཡལ་འགྲོ་བ་ཡིན།

གཉིས།  སྦྲུམ་འགོག་སྨན་རིགས།

དེ་ལ་ཡང་སྐྱེ་ལམ་དུ་འཇོག་རྒྱུའི་སྨན་རིགས་དང་། ཁར་བསྟེན་རྒྱུའི་སྨན་རིགས། ཁབ་རྒྱག་རྒྱུའི་སྨན་རིགས་སོགས་ཡོད་ཅིང་། དང་པོ་སྐྱེ་ལམ་དུ་འཇོག་པའི་སྨན་རིགས་ལ་ལྡེ་གུ་སྨན་རིགས་དང་། རིལ་བུའི་སྨན་རིགས། སྦྲུམ་འགོག་སྨན་ལེབ་བཅས་ཁག་གསུམ་ཡོད་པ་དང་། དེ་དག་གིས་ཁམས་དཀར་ཕྲ་ཕུང་བསད་ནས་སྦྲུམ་འགོག་ནུས་པ་ཐོན་གྱིན་ཡོད་པས། བེད་སྤྱོད་ཚུལ་དང་མཐུན་པར་སྤྱད་ན་ནུས་པ་ཤིན་ཏུ་བཟང་། འོན་ཀྱང་། སྨན་རིགས་དེ་དག་ལ་ཞོར་སྐྱོན་ཆེན་པོ་ཡོད་པས། ཡུན་རིང་བསྟེན་མི་རུང་ལ། རབ་ཡིན་ན་རྩ་བ་ནས་མ་བསྟེན་ན་བཟང་བ་ཡིན།

སྐྱེ་རྒྱུན་གཅོད་པ།

དེ་ལ་སྐྱེས་པའི་སྐྱེ་རྒྱུན་གཅོད་པ་དང་བུད་མེད་ཀྱི་སྐྱེ་རྒྱུན་གཅོད་པ་བཅས་རིགས་གཉིས་ཡོད་ཅིང་། དོན་དུ་ཁམས་དཀར་དམར་གྱི་རྒྱུ་ལམ་གཅོད་པ་ཡིན་པ་དང་། སྨན་ཁང་དུ་སོང་ནས་གཤག་བཅོས་ཀྱི་ཐབས་ཤེས་སམ། ཁམས་དཀར་རྒྱུ་ལམ་ནང་དུ་སྨན་ཁབ་བརྒྱབ་པ་ལ་བརྟེན་ནས་སྐྱེ་རྒྱུན་གཅོད་པ་ཡིན། དེས་བདེ་ཐང་ལ་གནོད་ཚབས་ཤིན་ཏུ་ཆུང་བ་ཡིན་རུང་། བྱིས་པ་སླར་བཙའ་བའི་ནུས་པ་ཡོངས་སུ་ཉམས་པར་བྱེད་ཀྱིན་ཡོད་སྟབས། སྔོན་ཆད་བྱིས་པ་བཙས་ཟིན་པའི་རིགས་མ་གཏོགས་བཀོལ་སྤྱོད་བྱས་ན་མི་འཚམ།

ལྔ། བྱིས་པ་མངལ་ནས་ཤོར་དུ་བཅུག་པ་ལས་བཟོས་པའི་གནོད་འཚེ།

དེང་སྐབས་བུད་མེད་མང་པོ་ཞིག་གིས་མངལ་སྦྲུམ་པའི་རྗེས་སུ་རྒྱུ་རྐྱེན་གང་རུང་ལ་བརྟེན་ནས་བྱིས་པ་བཙའ་འདོད་མེད་ཚེ། ཐབས་ཤེས་སྣ་ཚོགས་ལ་བརྟེན་ནས་བྱིས་པ་ཤོར་དུ་འཇུག་པའི་གོམས་སྲོལ་ངན་པ་ཞིག་གང་སར་ཁྱབ་བཞིན་ཡོད་མོད། དེ་ནི་དོན་དངོས་སྟེང་བཤད་ན་རང་གི་ཤ་ལས་ཆད་པའི་བུ་ཕྲུག་བསད་པ་ཞིག་ཡིན་སྟབས། ཉེས་པ་ཤིན་ཏུ་ཆེ་བ་བཤད་མི་དགོས་ལ། ལུས་ཁམས་བདེ་སྲུང་གི་ངོས་ནས་བཤད་ནའང་བདེ་ཐང་ལ་གནོད་པ་ཆེན་པོ་ཡོད་པ་ཡིན་ཏེ། གཅིག་ནས་བྱིས་པ་མངལ་ནས་ཤོར་དུ་འཇུག་སྐབས་ལུས་ཁམས་ལས་ཁྲག་མང་པོ་བཞུར་སྲིད་པས་ལུས་ཟུངས་ལ་གནོད་པ་ཤིན་ཏུ་ཆེ་ཞིང་། གཉིས་ནས་བྱིས་པ་མངལ་དུ་བསམ་གཟས་ནས་ཤོར་བྱེད་དུ་བཅུག་པ་དེས་གོམས་ལོབས་རང་བཞིན་ཆགས་ནས་རྗེས་ཕྱོགས་བྱིས་པ་མངལ་དུ་ཆགས་རྗེས་རང་བཞིན་གྱིས་ཤོར་འགྲོ་བའི་ཉེན་ཁ་ཤིན་ཏུ་ཆེ་བ། གསུམ་ནས་རྗེས་ཕྱོགས་རྩ་བ་ནས་མངལ་མི་ཆགས་པར་འགྱུར་བའི་ཉེན་ཁ་ཆེ་བ་བཅས་ཡིན། དེར་བརྟེན་བུད་མེད་རྣམས་ཀྱི་བྱིས་པ་མངལ་དུ་ཆགས་རྗེས་ཤོར་དུ་འཇུག་པ་ནི་མི་ཆོས་ཀུན་སྤྱོད་ལས་འགལ་ཞིང་ལུས་ཁམས་བདེ་ཐང་ལ་གནོད་སྐྱོན་ཆེན་པོ་ཡོད་པས་བུད་མེད་རྣམས་ཀྱིས་དེའི་ཕྱོགས་ལ་ཧ་ཅང་གཟབ་གཟབ་བྱེད་དགོས།

དྲུག མཛེས་འཆོས་དང་བདེ་སྲུང་བར་གྱི་གནད་དོན།

བུད་མེད་ལོ་ཆུང་རྣམས་མཛེས་འཆོས་རིགས་འདྲ་མིན་སྣ་ཚོགས་བཀོལ་སྤྱོད་བྱེད་རྒྱུར་ཧ་ཅང་དགའ། འོན་ཀྱང་མཛེས་འཆོས་བྱུག་རྫས་དེ་དག་ལས་ཕལ་ཆེ་བ་ནི་རྫས་འགྱུར་དངོས་རིགས་ཡིན་པས་ཡུན་རིང་བེད་སྤྱོད་བྱས་ན་ལུས་ཁམས་བདེ་ཐང་ལ་གནོད་འཚེ་ཆེན་པོ་ཡོད་པ་རེད། འབྲེལ་ཡོད་མཁས་པའི་ཞིབ་འཇུག་བྱས་པ་བརྒྱུད་མཛེས་འཆོས་དངོས་རིགས་དེ་དག་ནི་པགས་པར་མི་འཕྲོད་པ་དང་། ལུས་ཁམས་ཀྱི་དྭངས་སྙིགས་ཚུལ་བཞིན་འབྱེད་རྒྱུར་གནོད་པར་མ་ཟད། མངལ་སྦྲུམ་མི་ཐུབ་པ་དང་། པགས་པའི་འབྲས་སྐྲན་སོགས་འབྲས་སྐྲན་གྱི་རིགས་བསྐྱེད་སྲིད་པར་བསྟན་ཡོད།

དེར་བརྟེན་བྱུག་རྫས་ཉོ་སྐབས་ཐོན་རྫས་ཀྱི་སྤུས་ཚད་ལ་དོ་སྣང་ཆེན་པོ་བྱེད་དགོས་པ་གཅིག རང་གི་ལུས་ཁམས་ཀྱི་ཁྱད་ཆོས་དང་བསྟུན་ནས་འོས་ཤིང་འཚམ་པར་བསྟེན་དགོས་པ་དང་གཉིས། བྱུག་རྫས་གང་རུང་བྱུག་མི་རུང་བ་དང་གསུམ། བྱུག་རྫས་ཀྱི་གྲུབ་ཆ་ལ་དོ་སྣང་བྱས་ནས་ལྕགས་རིགས་ལྕི་བའི་རིགས་འདྲེས་ཚད་མཐོ་བའི་བྱུག་རྫས་བྱུག་མི་རུང་བ་དང་བཞི་བཅས་སོ།

བདེ་སྲུང་རྒྱུན་ཤེས་ཞེས་པའི་དཔེ་དེབ་ལས་བཤུས། 

རྩོམ་སྒྲིག་པ། འབྲུག་མོ།