ཆུ་ཚན་ལ་ཞུགས་ཚུལ་སྐོར།
2018.09.17 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 209

ཆུ་ཚན་ནི་འགྲོ་བ་མིའི་སྤྱི་མཐུན་བསོད་ནམས་ལས་གྲུབ་པའི་ནད་སེལ་གྱི་རྗིང་བུ་ཞིག་ཡིན་ལ། ཐུན་མོང་མ་ཡིན་པའི་རང་བྱུང་ཁམས་ཀྱི་གྲུབ་ཆ་ལ་བརྟེན་ནས་ནད་སེལ་བར་བྱེད་པའི་ཐབས་ཤེས་རྨད་དུ་བྱུང་བ་ཞིག་ཡིན་པས། ཇི་སྐད་དུ། བརླན་གཤེར་ཆུ་ཡི་ངོ་བོ་ལ། རེག་བྱ་མེ་ཡི་རང་བཞིན་ཅན། དེས་ནི་ཆུ་ཚན་ཞེས་བརྗོད་དོ། ཞེས་གསུངས་པ་ལྟར། ས་འོག་ཏུ་རང་བྱུང་ཁམས་ཀྱི་གྲུབ་ཆ་སྣ་ཚོགས་ཕན་ཚུན་འཕྲད་པ་ལས་བརླན་ཞིང་གཤེར་བའི་ཆུ་དེ་ཉིད་རང་བཞིན་དུ་ཤིན་ཏུ་ཚ་བར་གྱུར་ནས་ལྷོག་ལྷོག་ཏུ་འཁོལ་ཡོང་བའི་རང་བྱུང་ཆུ་སྐོལ་ངོ་མཚར་ཅན་ཞིག་ཡིན།

དང་པོ། ཆུ་ཚན་གྱི་དབྱེ་བ།

སྤྱིར་ཆུ་ཚན་གྱི་དབྱེ་བ་ནི་ཆུ་ཚན་འབྱུང་སའི་གནས་ཀྱི་གཏེར་དངོས་གྲུབ་ཆ་གང་ཡིན་དང་། གྲུབ་ཆ་དེ་དག་གིས་བསྐྱེད་པའི་ཆུ་ཚན་གྱི་ནང་དུ་ཡོད་པའི་གཏེར་དངོས་འདྲེས་ཚད་ཆེ་ཆུང་ལ་གཞིགས་ནས་དབྱེ་བ་ཕྱེ་བ་ཞིག་ཡིན།

སྤྱིར་ཆུ་ཚན་ལ་མ་ལ་ཡའི་དཀའ་འགྲེལ་སོགས་བོད་ལུགས་གསོ་རིག་གི་གཞུང་སྔ་མ་འགའ་ལ་དབྱེ་བ་བརྒྱ་དང་རྩ་གཅིག་སོགས་མང་དུ་གསུངས་ཡོད་ལ། ཡོངས་གྲགས་སུ་རྡོ་སོལ་དང་ཅོང་ཞི་འདྲེས་པའི་ཆུ་ཚན་དང་། རྡོ་སོལ་དང་མུ་ཟི་འདྲེས་པའི་ཆུ་ཚན། རྡོ་སོལ་དང་བྲག་ཞུན་འདྲེས་པའི་ཆུ་ཚན། རྡོ་སོལ་དང་ཅོང་ཞི་མུ་ཟི་གསུམ་འདྲེས་པའི་ཆུ་ཚན། རྡོ་སོལ་དང་མུ་ཟི་བྲག་ཞུན་ལྡོང་རོས་འདྲེས་པའི་ཆུ་ཚན་བཅས་ཆུ་ཚན་རིགས་ལྔ་ཡོད། ཡང་དེའུ་དམར་བའི་《དྲི་མེད་ཤེལ་གོང་ཤེལ་ཕྲེང》དུ་རྩ་བའི་རིགས་ལྔ་ནི། ཤེལ་གོང་ལས། མུ་ཟི(སེར)མུ་ལྗང་རྡོ་ཤོ་དང་། རྡོ་ཆུ་ཅོང་ཞིའི་ཆུ་ཚན་ལྔ། ཞེས་རིགས་ལྔ་བསྟན་ཡོད་ཅིང་། རྩ་བའི་རིགས་ལྔ་ལ་ཡང་ལྔ་རེ་ཕྱེ་བའི་དབྱེ་བ་ཉི་ཤུ་རྩ་ལྔ་ཙམ་ཕྱེ་རྒྱུ་ཡོད་པ་དང་། ཆུ་ཚན་ཀུན་ལ་རྡོ་སོལ་ཡོད་པ་དང་། རྡོ་སོལ་རྐྱང་བའི་ཆུ་ཚན་ཡོད་པར་གསུངས་ཡོད་ཅིང་། དབྱེ་བ་ཕྱེ་སྟངས་དེ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཕྱིར་ན་འདིར་ཡང་དེའུ་དམར་བའི་དགོངས་པ་ལྟར་འཆར་རྒྱུར།

༡.མུ་ཟི་སེར་པོའི་ཆུ་ཚན།

དེ་ཡང་མུ་ཟི་སེར་པོ་ལས་བྱུང་བའི་ཆུ་ཚན་རིགས་ལྔའི་སྤྱི་རྟགས་ནི་ས་མདོག་སེར་པོ་ཤས་ཆེ་ལ། ཆུ་ཡང་དེ་མདོག་མཚུངས་པ། ཆུ་ཚན་དེ་ཉིད་ཚ་མོའི་དུས་སུ་དྲི་ངད་ཅུང་ཟད་ཡོད་ཀྱང་གྲང་ན་དྲི་རོ་གང་ཡང་མེད་པར་བསྟན་པ་དང་། བྱེ་བྲག་མུ་ཟི་སེར་པོའི་ཆུ་ཚན་རིགས་ལྔའི་ནང་གི་མུ་ཟི་སེར་པོའི་དཀར་པོའི་ཆུ་ཚན་ནི། ཆུའི་ནང་དུ་ཆགས་པའི་མུ་ཟི་རྣམས་མདོག་དཀར་ལ་བག་ཕྱེ་འདྲ་བ་དང་། ཆུ་ཚན་འཁྱིལ་བའི་ཤུལ་དུ་ཆགས་པའི་རྡོ་རྩི་རྣམས་ཞིབ་མོར་བཏུལ་ན་དཀར་རྩི་ལྟར་དཀར་བ།  ཁ་ལ་ཟོས་ཚེ་རོ་མངར་ལ་མུ་ཟིའི་དྲི་ངད་ཤིན་ཏུ་ཆུང་བ། ཆུའི་ཁ་དོག་དཀར་ལ་སྔོ་ཤས་ཆེ་བ་བཅས་སུ་ཡོད།

གཉིས་པ་མུ་ཟི་སེར་པོའི་དམར་པོ་ནི་གཡང་ཏྲི་དང་དཀར་གོང་ཡོད་སར་མང་ཞིང་། ཆུ་ནང་དུ་ཆགས་པའི་མུ་ཟིའི་ཁ་དོག་ལྡོང་རོས་ཀྱི་མདོག་དང་འདྲ་བ་ཡོད།

གསུམ་པ་མུ་ཟི་སེར་པོའི་ལྗང་གུ་ནི་མུ་ཟུའི་ཁ་དོག་ལྗང་གུ་ཡིན་པ་དང་། དྲི་ངད་ཤིན་ཏུ་ཆེ་ལ་ཆུ་ཡི་ཁ་དོག་ཀྱང་ལྗང་གུར་མངོན་པ་ཡིན།

བཞི་པ་མུ་ཟི་སེར་པོའི་ནག་པོ་ནི་ཆུ་ནང་དུ་ཆགས་པའི་མུ་ཟི་རྣམས་རྭ་ཅོ་ལྟར་ནག་ལ་བསྲེགས་དྲི་མནམ་པ་ལས་དྲི་ངད་གཞན་དག་གང་ཡང་མི་བྲོ་བ་ཡིན།

ལྔ་བ་མུ་ཟི་སེར་པོའི་སྔོན་པོ་ནི་སྣ་ཡིས་སྣོམས་ན་དྲི་མ་ཞིམ་པོ་ཐུལ་བ་དང་། ས་ཕྱོགས་དེར་ཡང་འོད་ཆེམ་ཆེམ་འཕྲོ་བ། ཆུ་ཡི་ཁ་དོག་ཅུང་ནག་པ་བཅས་ཡོད།

༢.མུ་ཟི་ལྗང་ཁུའི་ཆུ་ཚན།

མུ་ཟི་ལྗང་གུའི་ཆུ་ཚན་ཞེས་པ་འདི་གཤམ་གྱི་དབྱེ་བའི་ནང་དུ་བལྟས་ན་ཕལ་ཆེར་ལྡོང་རོས་ལ་དགོངས་པ་ཡིན་ནམ་སྙམ་ཞིང་། རྒྱུ་མཚན་ནི་གོང་དུ་མུ་ཟིའི་ཆུ་ཚན་བསྟན་ཟིན་པ་དང་། ཆུ་ཚན་གྱི་ཁྱད་ཆོས་བསྟན་པའི་སྐབས་སུ་ལྡོང་རོས་དང་བ་བླའི་སྐོར་ཁོ་ན་བསྟན་པས་སོ། ཆུ་ཚན་དེའི་རིགས་ཀྱི་ཁྱད་ཆོས་ནི། མུ་ལྗང་ཆུ་ཚན་བ་བླ་མནམ། ཡུན་རིངས་མྱངས་ན་ལན་ཚྭ་བྲོ། ལུས་བཀྲུས་བསྐུས་ན་དྲི་མི་ཞིམ། བ་བླའི་དྲི་མནམ་ཞིང་། ཁ་ལ་མྱངས་ན་ལན་ཚྭའི་དྲི་བྲོ་བ། ཆུ་ཚན་དུ་ཞུགས་རྗེས་ལུས་ལ་དྲི་ངད་འཇགས་པར་བྱེད་པར་གསུངས་ཡོད།

བྱེ་བྲག་རིགས་ལྔ་ལས། དང་པོ་མུ་ལྗང་གི་སེར་པོའམ་བ་བླ་ཆུ་ཚན་ནི། ཆུ་ཡི་ནང་དུ་བ་བླ་དངོས་སུ་མཐོང་རྒྱུ་ཡོད་པ་དང་། ཆུ་ཡི་ཁ་དོག་ཀྱང་ཅུང་ཟད་སེར་བ། བྱེ་མ་སེར་ཆེམ་ཆེམ་དུ་འགྲིམ་པར་གསུངས་ཡོད།

གཉིས་པ་མུ་ལྗང་དམར་པོའམ་ལྡོང་རོས་ཆུ་ཚན་ནི། ཆུ་ནང་དུ་ལྡོང་རོས་དངོས་སུ་མཐོང་རྒྱུ་ཡོད་པའམ། ཆུ་ཡང་དམར་ཤས་ཅུང་ཟད་ལྡན་པ་ཡོད་ཚུལ་བསྟན་ཡོད།

གསུམ་པ་མུ་ལྗང་དཀར་པོ་ནི་ཆུ་ཡི་ནང་དུ་རྡོ་རྒྱུས་དཀར་པོ་འདྲ་བ་མཐོང་རྒྱུ་ཡོད་པ་ལ་མེ་དང་ཉི་མར་སྲོས་ན་བ་བླའི་དྲི་མནམ་པ། ཆུ་ཡང་ཁ་དོག་ཅུང་དཀར་པོའི་རྣམ་པ་ཡོད་པར་གསུངས་ཡོད།

བཞི་བ་མུ་ལྗང་ལྗང་གུའི་ཆུ་ཚན་ནི་ཆུ་ཡི་ནང་དུ་ལྗང་གུ་མཐིང་རྒྱུས་འདྲ་བ་ལ་མེ་ཉིར་སྲོས་ན་བ་བླའི་དྲི་བྲོ་བ། ཆུ་ཡང་ཁ་དོག་ཅུང་ཟད་སྔོ་བའི་རྣམ་པ་ཅན་དུ་ཡོད།

ལྔ་བ་མུ་ལྗང་ནག་པོའི་ཆུ་ཚན་ནི་ཆུ་ཡི་ནང་དུ་རམས་དང་འདྲ་བའི་རྡོ་མཐོང་རྒྱུ་ཡོད་པ་དང་། བཅག་ན་རྡོ་དང་འདྲ་བ་ལ་བཏེག་ན་ལྕི་བ། ཆུ་ཡང་ཁ་དོག་ཅུང་ཟད་ནག་པ་བཅས་ཡོད་པར་བསྟན་ཡོད།

༣.རྡོ་ཞོ་ལས་བྱུང་བའི་ཆུ་ཚན།

རྡོ་ཞོ་ལས་བྱུང་བའི་ཆུ་ཚན་ནི་རབ་ཏུ་དྭངས་ལ་བུལ་ཤས་རྣམ་པས་ལུས་ཀྱི་དྲི་མ་དག་བཟང་བ། ཁོང་དུ་བཏང་ན་སྐོམ་དད་སྐྱེ་བར་གསུངས་ཡོད།

བྱེ་བྲག་དབྱེ་བ་སོ་སོའི་ཁྱད་ཆོས་ནི་དང་པོ་ཆུ་ཚན་གྱི་ཉེ་འཁོར་རམ། ཆུ་ཡི་ནང་དུ་རྡོ་ཞོ་ཕོ་རྡོ་དཀར་པོ་དང་། སེར་པོ་སྣ་རིང་ལ་ཆར་ལྷགས་ཕོག་ངོས་སུ་སག་རི་ཆགས་པ། མཁྲེགས་ཤིང་མེ་ལ་བསྲེགས་ན་འཚིག་དཀའ་བ་བཅས་ནི་རྡོ་ཞོ་དཀར་པོའི་ཆུ་ཚན་ཡིན།

གཉིས་པ་ཆུ་ཚན་གྱི་བརྒྱུད་དུ་རྡོ་ཞོ་སྨུག་པོ་སྣ་ཚོགས་མཐོང་རྒྱུ་ཡོད་པ་དེར་རྡོ་ཞོ་སྨུག་པོའི་ཆུ་ཚན་ཡིན་པར་གསུངས་ཡོད།

གསུམ་པ་ཆུ་ཚན་གྱི་བརྒྱུད་དུ་རྡོ་ཞོ་ནག་པོ་སྣ་ཐུང་ལ་སོབ་པ་སག་རི་ཆགས་པ་ནི་རྡོ་ཞོ་སྨུག་པོའི་ཆུ་ཚན་ཡིན།

བཞི་བ་ཆུ་ཚན་གྱི་བརྒྱུད་དུ་རྡོ་ཞོ་དཀར་པོ་སྣ་ཐུང་ལ་མཉེན་པ་ཡོད་པ་ནི་རྡོ་ཞོའི་མོ་རྡོའི་ཆུ་ཚན་ཡིན་པར་གསུངས་ཡོད།

ལྔ་བ་ཆུ་ཚན་གྱི་བརྒྱུད་དུ་རྡོ་ཞོ་དུམ་བུ་སག་རི་རྩུབ་པ་མེ་ལ་བསྲེགས་ན་ཅོང་ཞི་མེ་བསྲེགས་པ་འདྲ་བ་ནི་རྡོ་ཞོ་ཕལ་བའི་ཆུ་ཚན་ཡིན་པར་གསུངས་ཡོད།

༤.རྡོ་ཆུ་ལས་བྱུང་བའི་ཆུ་ཚན།

རྡོ་ཆུ་ལས་བྱུང་འི་ཆུ་ཚན་ནི་ཆུ་ཚན་བྱུང་བའི་གནས་སུ་རྡོ་ཆུ་མང་པོ་གསར་རྙིང་གི་རིམ་པ་ཉིས་བརྩེགས་སུམ་བརྩེགས་སུ་ཆགས་པ་དག་ཡིན་པར་གསུངས་ཡོད།

དང་པོ་རྡོ་ཆུ་རྩི་ཆེན་གྱི་ཆུ་ཚན་ནི་ཆུ་ཚན་འཁོལ་བའི་ཤུལ་དུ་སྲ་མཁྲེགས་རྡོ་ལ་འགྱུར་བ་དང་། ཆུ་ཚན་གྱི་ཆུ་དེ་རྒྱུག་པའི་ཤུལ་དུ་རིམ་བཞིན་སྲ་མཁྲེགས་རྡོ་བ་ལྟ་བུ་ཆགས་པར་གསུངས་ཡོད།

གཉིས་པ་རྡོ་ཆུ་རྩི་ཆུང་ནི་གོང་ལྟར་མཁྲེགས་པོ་མ་ཡིན་པའི་ས་མིན་རྡོ་མིན་ཉག་ཉོག་རྣམ་པ་ཅན་ཆགས་པར་གསུངས་ཡོད།

གསུམ་པ་རྡོ་ཆུ་སེར་པོ་ནི་ཆུ་དྲེག་ཁ་དོག་སེར་པོར་ཆགས་པ་དང་སྤྱིན་གྱི་རྣམ་པའི་འབར་བག་ལྗན་ལྗིན་ཅན་ཡིན་པར་གསུངས་ཡོད།

བཞི་བ་རྡོ་ཆུ་དཀར་པོ་ནི་རྡོ་ཆུ་ཆགས་པ་རྣམས་ཁ་དོག་དཀར་ལ་ཁ་ཤས་ཆུ་ཚན་དུས་ཡུན་རིང་པོར་ཐིགས་པ་བརྒྱབ་པ་ལས་ནུ་འབུར་གྱི་རྣམ་པར་གྲུབ་པ་སོགས་ཡོད་ཚུལ་བསྟན་ཡོད།

ལྔ་བ་རྡོ་ཆུ་དྲག་པོའམ་ཕལ་བ་ནི་རྡོ་ཆུ་རྣམས་ཕན་ཚུན་འདྲེས་ནས་ཆགས་པ་དང་གཅིག་ལ་གཅིག་འབྲེལ་དུ་གྲུབ་པ། ཕྱི་ཤུན་རྡོ་ཀླད་དང་མཚུངས་པར་གསུངས་ཡོད།

༥.ཅོང་ཞི་ལས་བྱུང་བའི་ཆུ་ཚན།

ཅོང་ཞི་ལས་བྱུང་བའི་ཆུ་ཚན་ནི་ཆུ་ཚན་བྱུང་ཡུལ་ཅོང་ཞིའི་བྲག་རྡོའི་དབུས་ནས་བྱུང་བའམ། ཉེ་འཁོར་དུ་ཅོང་ཞིའི་ཧྲོག་ཞིབ་སྣ་ཚོགས་འདོན་རྒྱུ་ཡོད་པ། ཆུ་ཡང་དྲི་རོ་མི་གསལ་ཞིང་དྭངས་ལ་འཐུང་བདེ་བ་ཡོད།

དང་པོ་ཕོ་ཅོང་ཆུ་ཚན་ནི་ཅོང་ཞི་རྣམས་མཁྲེགས་ལ་ལྕི་བ་ཡོད་པ་ཡིན།

གཉིས་པ་མོ་ཅོང་ཆུ་ཚན་ནི་ཅོང་ཞི་རྣམས་ངོ་བོ་སོབ་ལ་སྙི་བ་ཕོ་ཅོང་ལས་ཅུང་ཟད་ཡང་བའི་རྣམ་པ་ཡོད།

གསུམ་པ་མ་ནིང་ཅོང་ཞིའི་ཆུ་ཚན་ནི་ཅོང་ཞི་རྣམས་མཉེན་ལ་འཇམ་ཞིང་མཁྲེགས་སོམ་སྙོམ་པ་བྱུང་བ་ཡིན།

བཞི་བ་བུ་ཅོང་ལས་བྱུང་བའི་ཆུ་ཚན་ནི་ཕོ་ཅོང་དང་ཅུང་ཟད་འདྲ་བ་ལས་དེ་ལས་སོབ་ཅིང་སྙི་བ་ཡིན།

ལྔ་བ་བུ་མོ་ཅོང་ཞིའི་ཆུ་ཚན་ནི་མོ་ཅོང་དང་ཅུང་ཟད་འདྲ་བ་ལ་དེ་ལས་མཁྲེགས་པར་གསུངས་ཡོད།

དེ་ལྟར་གོང་དུ་བསྟན་པའི་ཆུ་ཚན་རིགས་ལྔ་པོ་དེ་ལ་ཡང་མཆོག་རབ་འབྲིང་དང་དམན་པ་བཅས་དབྱེ་བ་བཞི་རེ་ཕྱེ་ཡོད་པས་གྲངས་བརྒྱ་ཐམ་པ་བྱུང་བ་ཡིན་ལ། དེའི་སྟེང་དུ་རྡོ་སོལ་རྐྱང་བའི་ཆུ་ཚན་གཅིག་བསྣན་པས་བརྒྱ་དང་གཅིག་བྱུང་བ་ཡིན། འོན་ཀྱང་གཏེར་དངོས་རིགས་གཅིག་རྐྱང་པའི་ཆུ་ཚན་ཤིན་ཏུ་དཀོན་པས་དེ་དག་སོ་སོར་གཏེར་དངོས་རྒྱུ་ཆ་མང་པོ་འདྲེས་ཡོད་པ་ཡིན་ལ། ཤས་ཆེ་ཆུང་གི་དབང་དུ་བྱས་ནས་དབྱེ་བ་ཕྱེ་བ་ཡིན་ནོ།།

བདེ་སྲུང་རྒྱུན་ཤེས་ཞེས་པའི་དཔེ་དེབ་ལས་བཤུས། 

རྩོམ་སྒྲིག་པ། འབྲུག་མོ།