ཉིས་སྟོང་བཅོ་བརྒྱད་ལོའི་ཞིང་ལྗོངས་ལྔའི་ཐུམ་འབུའི་ནད་ཀྱི་མཉམ་འབྲེལ་འགོག་བཅོས་བྱ་བའི་གྲོས་ཚོགས་ཡུས་ཧྲུའུ་ཁུལ་ནས་བསྡུས་པ།
2018.09.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཟླ་དགུ་བའི་ཚེས་ཉི་ཤུའི་ཉིན། ཉིས་སྟོང་བཅོ་བརྒྱད་ལོའི་བོད་ལྗོངས་དང་སི་ཁྲོན།  མཚོ་སྔོན།  ཡུན་ནན།   ཀན་སུའུ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་ཐུམ་འབུའི་ནད་ཀྱི་མཉམ་འབྲེལ་འགོག་བཅོས་བྱ་བའི་གྲོས་ཚོགས་ཡུས་ཧྲུའུ་་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་ནས་བསྡུས།

ཞིང་ལྗོངས་ལྔ་ནས་ཡོང་བའི་འཐུས་ཚབ་པ་ཚོས་ས་ཁུལ་སོ་སོའི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་པར་མ་ཟད་ཉམས་མྱོང་བརྗེ་རེས་བྱས།  ཚང་མས་བསྟན་དོན།   ཞིང་ལྗོངས་ལྔའི་གྲོང་ཁྱེར་དང་ཁུལ།   རྫོང་བཅས་བར་དང་། ཞིང་ཆེན་ནང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་བར་གྱི་ཐུམ་འབུའི་ནད་མཉམ་འབྲེལ་འགོག་བཅོས་བྱ་བའི་ནང་རྐྱེན་སྲ་བརྟན་དུ་བཏང་སྟེ་ཞིང་ལྗོངས་ལྔའི་བོད་ཁུལ་གྱི་ཐུམ་འབུའི་ནད་འགོག་བཅོས་བྱ་བར་ཕན་ནུས་དངོས་ཐོབ་པ་དང་།   བོད་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱི་ལུས་པོའི་བདེ་ཐང་ལ་འགན་སྲུང་བྱེད་པའི་ཐད་འབད་བརྩོན་བྱ་དགོས་ཟེར།

ཉིས་སྟོང་བཅུ་བདུན་ལོའི་ཟླ་གསུམ་པར། རྒྱལ་ཁབ་ཀྱིས་བོད་ལྗོངས་དང་སི་ཁྲོན།  མཚོ་སྔོན་བཅས་ཞིང་ལྗོངས་གསུམ་གྱི་ཐུམ་འབུའི་ནད་མཉམ་འབྲེལ་འགོག་བཅོས་བྱ་བའི་ལམ་སྲོལ་བཙུགས།   མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཐུམ་འབུའི་ནད་འགོག་བཅོས་བྱ་བ་བཟང་པོར་བསྒྲུབ་པའི་ཐད་བླང་བྱ་གསལ་པོ་བཏོན་པ་དང་།  ཐུམ་འབུའི་ནད་འགོག་བཅོས་བྱ་བ་དེ་རོང་འབྲོག་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ།  སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ནང་དོན་གཙོ་བོ་ཞིག་ཏུ་བརྩིས་ཡོད།  ལོ་གཉིས་ཀྱི་རིང་ལ།   གྲོང་ཁྱེར་དང་ཁུལ་སོ་སོས་འབད་བརྩོན་བྱས་ཏེ་ཐུམ་འབུའི་ནད་འགོག་བཅོས་བྱ་བར་གྲུབ་འབྲས་བཟང་པོ་བླངས་པ་དང་།   ཐུམ་འབུའི་ནད་འགོག་བཅོས་བྱ་བར་ཐོག་མའི་ཚོད་འཛིན་བྱས།  མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཧུའུ་ཡིས་བསྟན་དོན།   ཐུམ་འབུའི་ནད་འགོག་བཅོས་བྱ་བ་དེ་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་པས།   བོད་ལྗོངས་དང་སི་ཁྲོན།  མཚོ་སྔོན། ཡུན་ནན།  ཀན་སུའུ་བཅས་ཞིང་ལྗོངས་ལྔའི་ཐུམ་འབུའི་ནད་མཉམ་འབྲེལ་འགོག་བཅོས་བྱ་བའི་ལམ་སྲོལ་ཇེ་དྲག་ཏུ་བཏང་སྟེ། བོད་ཁུལ་གྱི་ཐུམ་འབུའི་ནད་འགོག་བྱ་བར་ཕྱོགས་བསྡུས་སྐུལ་འདེད་བཏང་བ་རེད།

རྩོམ་སྒྲིག་པ། འབྲུག་མོ།