ཁྱིམ་བདག་གིས་བྱིས་པའི་བསམ་བློའི་འགྱུར་ལྡོག་ལ་ངོས་འཛིན་ཡང་དག་བྱེད་དགོས།
2018.09.26 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 55

བྱིས་པ་མང་པོས་ཧ་ལམ་བསམ་བློའི་འགྱུར་ལྡོག་གི་དུས་སྐབས་གཉིས་བརྒྱུད་ངེས་ཏེ། གཅིག་ནི་ལོ་གསུམ་ནས་བཞིའི་བར་དེར་བྱིས་པར་ཁྱིམ་བདག་ལ་ཕྱིར་རྒོལ་བྱེད་པའི་བསམ་བློ་སྐྱེས་སྲིད། དེའི་སྐབས་སུ་བྱིས་པས་མཐའ་འཁོར་གྱི་དོན་དག་ཡོད་ཚད་ལ་རང་གི་ལག་པས་རེག་ནས་རང་ཉིད་ཀྱིས་དངོས་སུ་འཚོལ་ཞིབ་བྱེད་འདོད། དེ་བས་དགེ་རྒན་དང་ཕ་མས་མཛུབ་སྟོན་དང་རོགས་རམ་བྱེད་པར་མི་འཐད་པའི་རྣམ་འགྱུར་སྟོན་སྲིད། དེ་ནི་སེམས་ཁམས་རིག་པའི་སྟེང་གི་བསམ་བློའི་འགྱུར་ལྡོག་གི་དུས་སྐབས་དང་པོ་རེད། དེའི་མངོན་རྟགས་གཙོ་བོ་ནི། རང་གི་འགུལ་སྐྱོད་དང་བྱ་སྤྱོད་ལ་རང་དབང་ཐོབ་པར་བརྩོན་ལེན་བྱེད་འདོད། བསམ་བློའི་འགྱུར་ལྡོག་གི་དུས་སྐབས་གཉིས་པ་ནི་ལོ་བཅུ་གཉིས་ནས་བཅུ་བདུན་ཡས་མས་སུ་འབྱུང་། སྐབས་དེའི་ཕྱིར་རྒོལ་བྱེད་འདོད་པའི་མངོན་རྟགས་གཙོ་བོ་བསམ་བློའི་འདུ་ཤེས་ཀྱི་ཕྱོགས་རེད།

དུས་སྐབས་གཉིས་པའི་བསམ་བློའི་འགྱུར་ལྡོག་གི་སློང་རྐྱེན་གཙོ་བོ་ནི། ལང་ཚོ་དར་བཞིན་པའི་བྱིས་པའི་ལུས་ཁམས་དང་སྐྱེ་ཁམས་མགྱོགས་མྱུར་སྒོས་འཚར་ལོངས་བྱུང་ནས་འགྱུར་ལྡོག་འབྱུང་བས། སྐབས་དེར་བྱིས་པའི་སེམས་སུ་རང་གི་བསམ་བློ་དང་བྱ་སྤྱོད་ཡོད་ཚད་མི་དར་མ་དང་གཅིག་མཚུངས་ཡིན་པས། རང་ཉིད་ལག་ཆགས་ནས་བསམ་ཤེས་ཡོད་པར་འདོད་སྲིད། དེ་བས་སྐབས་དེར་ཁོ་ཚོའི་སེམས་སུ་ཕ་མ་དང་གཞན་ལ་བརྟེན་པའི་འཆིང་རྒྱ་ལས་གྲོལ་ནས་རང་ཚུགས་འཛིན་འདོད་པས། ཉེ་འཁོར་གྱི་མི་རྣམས་ཀྱིས་ཀྱང་ཁོ་ཚོར་མི་དར་མ་བཞིན་དུ་བརྩི་མཐོང་དང་ཡིད་ཆེས། འདྲ་མཉམ་འཛིན་པའི་ལྟ་སྟངས་ཐོབ་འདོད། ཡིན་ནའང་། ཤེས་བྱ་དང་སྤྱི་ཚོགས་ཀྱི་ཉམས་མྱོང་། བསམ་གཞིགས་བྱེད་སྟངས་སོགས་ཕྱོགས་ནས་མི་དར་མ་དང་བསྡུར་ཐབས་མེད་པས། སྐབས་དེར་ཁོ་ཚོ་ད་དུང་བསམ་ཤེས་ལ་མ་ཤེས་པའི་ཚུལ་དུ་གནས་ཡོད་ཕྱིན། སེམས་ཁམས་ལ་འགྱུར་ལྡོག་ཅུང་ཟད་རེ་བྱུང་ཚེ་རང་གཅུན་བྱེད་མི་ཐུབ་པར་ཕ་མས་མདུན་དུ་རང་ཚོད་མི་ཟིན་པའི་རྣམ་འགྱུར་དང་བྱ་སྤྱོད་འདྲ་མིན་སྣ་ཚོགས་སྟོན་སྲིད།

ཁྱིམ་བདག་ཅིག་གི་ངོས་ནས་བཤད་ན། བྱིས་པའི་སེམས་ཁམས་ཀྱི་འགལ་བའམ་འགྱུར་ལྡོག་དེ་དག་ལ་ངོས་འཛིན་ཡང་དག་བྱེད་དགོས་པར་མ་ཟད། བྱིས་པར་རོགས་བྱས་ནས་བསམ་བློའི་འགྱུར་ལྡོག་གི་ཉེན་ཁའི་དུས་སྐབས་དེ་བརྒྱུད་རོགས་བྱེད་དགོས།

དེ་ལ་ཐོག་མར་བྱིས་པའི་སེམས་ཁམས་བཏང་སྙོམས་ཡོང་བར་རོགས་རམ་བྱེད་དགོས་ཏེ། ཁྱིམ་བདག་གིས་བབ་བསྟུན་སྣེ་ཁྲིད་བྱས་ནས། བྱིས་པས་རང་སེམས་ལ་ཁ་ལོ་བསྒྱུར་ཐུབ་པ་དང་འགལ་རྐྱེན་སྣ་ཚོགས་སེལ་ཐུབ་པའི་ནུས་པ་གསོ་སྐྱོང་བྱེད་དགོས། ད་དུང་བྱིས་པའི་བསམ་ཚུལ་ལའང་ཉན་དགོས། སྐབས་རེར་བྱིས་པའི་སེམས་སུ་ཁྱིམ་བདག་གམ་ཕ་མའང་རང་གི་གྲོགས་པོ་གྲོགས་མོ་རྣམས་དང་འདྲ་བར་རང་ལ་རྩེ་རོགས་དང་རང་ཉིད་དགའ་ན་དགའ་གྲོགས་དང་སྡུག་ན་སྡུག་གྲོགས་ཉན་པར་རེ་བཞིན་ཡོད་པས། ཁྱིམ་བདག་གིས་རྒྱུན་པར་བྱིས་པའི་བསམ་ཚུལ་ལ་སེམས་ཞིབ་མོས་ཉན་རྗེས། ད་གཟོད་རང་གི་བསམ་འཆར་བཤད་པའམ་ཡང་ན་ཁ་ལ་སློབ་གསོ་བཏང་ཆོག

གཉིས་པ་དབྱེ་འབྱེད་གསལ་བོ་བྱེད་དགོས། མཚམས་ལ་ལར་བྱིས་པས་ལུགས་དང་མི་མཐུན་པའི་རེ་བ་འདོན་སྲིད་ཅིང་། ཁོ་ཚོའི་རེ་འདོད་མ་སྐོང་ཚེ་ད་དུང་རྣམ་འགྱུར་དང་བྱ་སྤྱོད་མི་ལེགས་པ་སྣ་ཚོགས་སྟོན་སྲིད། སྐབས་དེར་ཁྱིམ་བདག་གིས་བྱིས་པར་དབྱེ་འབྱེད་གསལ་བོར་འབྱེད་རོགས་བྱས་ནས། རེ་བ་གང་དག་ནི་ལུགས་དང་མཐུན་པ་དང་གང་དག་ལུགས་དང་མི་མཐུན་པ་གསལ་བོར་ཤེས་སུ་འཇུག་དགོས།

གསུམ་པ། ཁྱིམ་བདག་གིས་ཀྱང་མུ་མཐུད་དུ་སློབ་སྦྱོང་བྱས་ནས་བློ་བསྐྱེད་འབྱུང་དུ་འཇུག་དགོས། བྱིས་པར་རོགས་རམ་བྱེད་པའི་དུས་མཚུངས་སུ། ཁྱིམ་བདག་གིས་ཀྱང་དེའི་སྐོར་གྱི་ཤེས་བྱར་སློབ་སྦྱོང་བྱས་ནས་བྱིས་པའི་བསམ་བློའི་འགྱུར་ལྡོག་ལས་ཕྱིར་རྒོལ་བྱེད་འདོད་པའི་དུས་སྐབས་དེར་ངོས་འཛིན་ཡང་དག་བྱེད་དགོས། དུས་མཚུངས་སུ། བྱིས་པ་འཚར་ལོངས་འབྱུང་བའི་བརྒྱུད་རིམ་ཁྲོད་དེ་འདྲའི་ཚོད་འཛིན་མི་བྱེད་པར་ཁོ་ཚོར་ཡང་རང་དབང་འོས་འཚམ་རེ་སྟེར་དགོས། དོན་དག་དང་འཕྲད་ཚེ་གྲོས་སྡུར་ཡང་ཡང་བྱེད་པ་དང་བྱིས་པའི་བསམ་ཚུལ་ལ་ཉན་དགོས་པར་མ་ཟད། ཁོ་ཚོའི་གསང་འདོད་པའི་གནས་ཚུལ་ལ་དེ་འདྲའི་ཐེ་གཏོགས་བྱེད་མི་འོས། དེ་ལས་གཞན། བྱིས་པའི་བཟའ་བཏུང་དང་འཚོ་བཅུད་ཕྱོགས་ལ་དོ་སྣང་བྱེད་དགོས་པའི་དུས་མཚུངས་སུ། དངོས་པོ་དང་སེམས་ཁམས་དོ་མཉམ་ཡོང་བར་མཉམ་འཇོག་དང་། བྱིས་པའི་དགའ་ཕྱོགས་ལའང་རྒྱབ་སྐྱོར་དང་ཡར་སྐུལ་བྱེད་དགོས།

རྩོམ་སྒྲིག་པ། འབྲུག་མོ།