ཇི་ལྟ་བུའི་འགུལ་སྐྱོད་ཀྱིས་ངལ་དུབ་སེལ་ཐུབ།
2018.09.29 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 64

དལ་མོར་རྒྱུག་པ་དང་། ལྕགས་རྟར་ཞོན་པ། ཆུལ་རྐྱལ་བ་བཅས་ནི་ངལ་དུབ་སེལ་བའི་ལུས་རྩལ་འགུལ་སྐྱོད་མཆོག་ཏུ་གྱུར་བ་ཞིག་རེད། བྱ་བར་བྲེལ་འཚུབ་ཆེ་བའི་གཞུང་ལས་ཁང་གི་མི་དག་ལ་མཚོན་ན། དུས་ཡུན་རིང་བོར་ལས་ཀར་མགོ་འཁོར་ཡོད་པས་ཚོ་འབུད་སླ་བ་དང་། སྐེ་དང་སྐེ་རུས། ཀླད་པའི་ཁྲག་རྩ་སོགས་ཀྱི་ནད་འབྱུང་སླ་བ་རེད། ཚེ་རིང་མིན་དེ་འགུལ་སྐྱོད་དང་རྩལ་སྦྱོང་བྱེད་མིན་ལ་རག་ལས་ཡོད་པས། བྱ་བར་བྲེལ་བ་དང་དོན་ཆེན་པོ་སྒྲུབ་པའི་དབང་དུ་བཏང་རུང་། དུས་བཅད་ལྟར་དུས་ཚོད་ཉུང་ཙམ་བརྩོན་ལེན་བྱས་ཏེ་ལུས་ཕུང་སྦྱོང་བརྡར་བྱེད་པ་རྒྱུན་འཁྱོངས་བྱ་དགོས་པ་དང་། དུས་ཚོད་མེད་རུང་ཁང་པའི་ནང་དུ་འགུལ་སྐྱོད་ཉུང་ཙམ་བྱས་ན། ལུས་པའི་ངལ་དུབ་སེལ་ཐུབ་པར་མ་ཟད། བྱ་བའི་ལས་ཆོད་མཐོར་འདེགས་ཡོང་བར་ཕན་ཐོགས་ཡོད།

དལ་མོར་རྒྱུག་ན་སེམས་ཁམས་བདེ་ཐང་ལ་ཕན་པ་ཆེན་པོ་ལྡན། རྐང་ཐང་དུ་འགྲོ་བ་དང་བསྡུར་ན། དལ་མོར་རྒྱུགས་པ་དེས་སྙིང་ཁམས་དང་ཁྲག་རྒྱུན་འཁོར་སྐྱོད་མ་ལག་ལ་དགེ་མཚན་ཆེན་པོ་ཡོད་པས་ཉིན་རྒྱུན་དུས་ཚོད་ངེས་ཅན་ཐོག་དུས་ཡུན་སྐར་མ་སུམ་ཅུའི་ཡན་ལ་སྦྱོང་བརྡར་བྱས་ན་ལུས་ཀྱི་ཚོ་བྱང་བར་ཕན་ཞིང་། ཐབས་ཤེས་ཆེས་བཟང་པོ་ནི་ཕྱི་ནས་རྒྱུག་པ་དང་རྐང་ཐང་དུ་འགྲོ་བ་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་དེ་རེད།

ལྕགས་རྟར་བཞོན་པ་ནི་སྙིང་རྩར་ཕན་ནུས་ལྡན་པའི་ལུས་ཕུང་སྦྱོང་བརྡར་བྱེད་ཐབས་ཤིག་རེད། ལྕགས་རྟར་ཞོན་ནས་སྤྱི་གླིང་ལ་འཆམ་འཆམ་དུ་འགྲོ་བ་དང་ཕྱི་རོལ་ཏུ་འགྲོ་བ་ནི་སྲོལ་བཟང་ཞིག་དང་། ལྕགས་རྟ་དེ་འགྲིམ་འགྲུལ་ཡོ་བྱད་ལ་བརྩིས་ཀྱང་ཆོག ལྕགས་རྟར་བཞོན་ནས་འགྲོ་བའི་དུས་སུ་རྐང་ལག་བཞི་བོ་འགུལ་གྱིན་ཡོད་པས། ལུས་ཡོངས་སྦྱོང་བརྡར་བྱེད་པ་དང་། རྒྱབ་ངོས་སོགས་ལའང་དེ་དང་འཚམ་པའི་སྦྱོང་བརྡར་ཐོབ་ཀྱིན་ཡོད། ལྕགས་རྟར་ཞོན་པ་ནི་རྒྱུན་འཁྱོངས་བྱེད་བདེ་བའི་འགུལ་སྐྱོད་བྱེད་སྟངས་ཤིག་ཡིན་ཞིང་། དེ་ཡིས་རྐང་པའི་ལྷུ་ཚིགས་དང་རྐང་པར་སྦྱོང་བརྡར་བྱེད་ཐུབ་པར་མ་ཟད། རྐང་ཚིགས་དང་ལྷུ་ཚིགས་ཀྱི་སྦྱོང་བརྡར་ལའང་ཕན་འབྲས་ཆེན་པོ་ཐོན་སྲིད། དུས་མཚུངས་སུ་དེས་ཁྲག་རྒྱུན་འཁོར་རྒྱུག་བྱེད་པར་ཕན་པ་ཡོད།

ཆུར་རྐྱལ་བ་ནི་ལུས་ཡོངས་རང་བཞིན་གྱི་ལུས་རྩལ་ཞིག་ཡིན་པས། ལུས་སྟོབས་སྦྱོང་བརྡར་བྱེད་ཐུབ་པར་མ་ཟད། སྙིང་དང་གློ་བའི་བྱེད་ནུས་ཀྱང་ཇེ་ཆེར་འགྲོ་ཐུབ། རྒྱུ་མཚན་ནི་ཆུའི་གཏིང་ཚད་དང་ཚ་ནུས་ཚང་མ་མཁའ་དབུགས་ལས་ཆེ་བ་དང་། མིས་ཆུ་ནང་དུ་འགུལ་སྐྱོད་བྱེད་པའི་འགོག་ཤུགས་དེ་སྐམ་སའི་སྟེང་གི་ཚད་ལས་ལྡབ་བཅུ་གཉིས་ཙམ་ཆེ་བས། ཆུར་རྐྱལ་བའི་ཕན་ནུས་དེ་ལུས་རྩལ་གཞན་ལས་ཀྱང་བཟང་བ་རེད། རྐང་ལག་ཆུ་ནང་དུ་འགུལ་སྐྱོད་བྱེད་པའི་སྐབས་སུ་འགོག་ཤུགས་ཆེན་པོ་ཞིག་ཡོད་པར་བརྟེན། དཔྲལ་བ་དང་བྲང་ཁ། གསུས་པ། ཤ་གྲིམ་སོགས་ཚང་མ་ཆུར་རྐྱལ་བའི་སྐབས་སུ་སྦྱོང་བརྡར་ཧ་ཅང་ལེགས་པོ་ཐེབས་ནས་ཚོ་བྱང་ཏེ་གཟུགས་བཞིན་མཛེས་པར་འགྱུར། གཞན་ཡང་ཆུར་རྐྱལ་བའི་སྐབས་སུ་ཡན་ལག་གི་འགུལ་སྐྱོད་ཇེ་ལེགས་དང་སྙིང་ཁམས་ཀྱི་ནུས་པ་ཇེ་བཟང་དུ་གཏོང་ཐུབ་པས།ནམ་རྒྱུན་ཆུར་རྐྱལ་བྱས་ནས་ལུས་དྲོད་རྒྱས་སུ་བཅུག་ན་མིའི་ལུས་སྟེང་གི་རྙིང་འདོར་གསར་ལེན་གྱི་ནུས་པའང་ཇེ་བཟང་དུ་འགྲོ་ངེས།

རྩོམ་སྒྲིག་པ། འབྲུག་མོ།