ཡུས་ཧྲུའུ་ཁུལ་གྱིས་ཐུམ་འབུའི་ནད་པར་རིན་མི་ལེན་པར་སྨན་བཅོས་བྱས་པ།
2018.10.08 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 36

ཉིས་སྟོང་བཅུ་བདུན་ལོའི་ཚུན་ལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁྱོན་ཡོངས་ནས“ཐུམ་འབུའི་ནད་ཕྱོགས་བསྡུས་སྔོན་འགོག་དང་བཅོས་སྐྱོང་བྱེད་པའི་འགག་སྒྲོལ་བྱ་འགུལ”སྤེལ་ཏེ། ཐུམ་འབུའི་ནད་བྱུང་བའི་ནད་པར་རིན་མི་ལེན་པར་སྨན་བཅོས་བྱས། ཡུས་ཧྲུའུ་གྲོང་ཁྱེར་གྱི་རོང་པོ་གྲོང་རྡལ་བདེ་ཆེན་སྡེ་བའི་རྣམ་རྒྱལ་མཚོ་མོ་ནི་ཁེ་བཟང་རག་མཁན་གྲས་ཀྱི་གཅིག་རེད།

འབྲོག་ཁུལ་མང་ཚོགས་ཀྱི་བདེ་ཐང་འགན་སྲུང་བྱས་ཏེ། རོང་འབྲོག་མང་ཚོགས་ལ་སྤུས་ཚད་མཐོ་བའི་འཚོ་བ་རོལ་དུ་འཇུག་པ་དང་། རོང་འབྲོག་ཁུལ་གྱི་སྤུས་ཀ་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་བྱ་ཆེད། ཉིས་སྟོང་བཅུ་དྲུག་ལོའི་ལོ་མགོར་ཡུས་ཧྲུའུ་ཁུལ་གྱིས་རིམས་ནད་ཚབས་ཆེན་དང་ས་གནས་ཀྱི་ནད་རིགས་ཚོད་འཛིན་བྱ་བ་ཁྱོན་ཡོངས་ནས་སྤེལ་མགོ་བརྩམས། ཉིས་སྟོང་བཅུ་བདུན་ལོའི་ཟླ་བཞི་པར།“ཐུམ་འབུའི་ནད་ཕྱོགས་བསྡུས་སྔོན་འགོག་དང་བཅོས་སྐྱོང་བྱེད་པའི་འགག་སྒྲོལ་བྱ་འགུལ”སྤེལ།

ཉིས་སྟོང་བཅུ་དྲུག་ལོར་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་ཧྲིལ་བསྡུ་བྱས་ཏེ་བོད་ཁུལ་གྱི་ཐུམ་འབུའི་ནད་འདེམ་ཞིབ་བྱེད་པ་ནང་དོན་གཙོ་བོ་ཡིན་པའི་ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ལ་བདེ་ཐང་ཡོངས་ཁྱབ་རྩད་ཞིབ་བྱེད་པའི་བྱ་བ་ཐོག་མ་ལག་བསྟར་བྱས། ད་ལྟའི་བར་དུ་མི་འབུམ་བཞི་ལྷག་ལ་འདེམས་ཞིབ་བྱས་པ་དང་། ཁེབས་ཚད་བརྒྱ་ཆའི་གོ་དགུ་ལ་སླེབས། སྔར་ལས་ལྷག་པའི་སྒོ་ནས་ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་བདེ་ཐང་ཡིན་མིན་དང་ནད་རིགས་ཁྱབ་ཚུལ་གྱི་ད་ཡོད་གནས་ཚུལ་ཚོད་འཛིན་གསལ་པོ་བྱས། ཐུམ་འབུའི་ནད་པ་སྟོང་གཉིས་དང་བརྒྱད་བརྒྱ་ང་བདུན་ཙམ་འཚོལ་རྙེད་བྱུང་བ་དང་། རིམ་བསགས་ཀྱིས་མི་དྲུག་བརྒྱ་དང་སོ་བདུན་ལ་གཤག་བཅོས་བྱས་ལ། བསྡོམས་པས་མ་དངུལ་སྒོར་ས་ཡ་བཞི་དང་འབུམ་ལྔ་ལྷག་ཁ་གསབ་བྱས། ནད་བྱུང་ཚད“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”སྐབས་ཀྱི་བརྒྱ་ཆའི་གསུམ་དང་གྲངས་ཆུང་བདུན་བཞི་ནས་ནས་ད་ལྟའི་བརྒྱ་ཆའི་ཐིག་དང་གྲངས་ཆུང་དྲུག་དགུ་ལ་ཇེ་དམའ་རུ་སོང་ཡོད།

ཡུས་ཧྲུའུ་ཁུལ་གྱི་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བསོད་ནམས་དབང་མོས་ངོ་སྤྲོད་བྱས་པ་ལྟར་ན། མི་རེར་ཆ་སྙོམས་ཀྱིས་ཐུམ་འབུའི་ནད་གཤག་བཅོས་བྱས་ཏེ་སྨན་བཅོས་བྱེད་པར་སྒོར་སྟོང་བརྒྱད་ཙམ་ཁ་གསབ་བྱེད་པ་ནུས་ལྡན་སྒོས་དངོས་འབེབས་བྱས་པའི་རྨང་གཞིའི་སྟེང་། ཡུས་ཧྲུའུ་ཁུལ་གྱིས་དམངས་སྲིད་དང་། རྒྱ་གྲམ་དམར་པོའི་ཚོགས་པ། ཁུལ་དང་རྫོང་གི་སྨན་བཅོས་སྡེ་ཁག་བཅས་ཀྱི་རོགས་སྐྱོབ་ལས་གཞིའི་མ་དངུལ་འབད་པ་ཆེན་པོས་བརྩོན་ལེན་བྱས་པ་དང་། ཁྱོན་ཡོངས་ནས“ལྔ་མེད་དྲུག་འཕྲི”ཡི་སྲིད་ཇུས་ལག་བསྟར་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱིས་ཐུམ་འབུའི་ནད་གཤག་བཅོས་བྱས་པར་ཕལ་ཆེར“འགྲོ་སོང་གཏོང་མི་དགོས་པ”མངོན་འགྱུར་བྱུང་། དེ་དང་ཆབས་ཅིག བདེ་ཐང་དབུལ་སྐྱོར་བྱ་བར་ཟུང་འབྲེལ་བྱས་ཏེ། བདེ་ཐང་དབུལ་སྐྱོར་གྱི་གཞི་གྲངས་ཀྱི་མཛོད་དུ་བཞག་པའི་དུད་ཁྱིམ་སྟོང་གཉིས་བརྒྱ་དང་རེ་བདུན་གྱི(ནད་ཀྱི་དབང་གིས་དབུལ་བོར་གྱུར་པ་དང་། ནད་ཀྱི་དབང་གིས་ཡང་བསྐྱར་དབུལ་བོར་གྱུར་པའི)མི་སྟོང་བདུན་དང་ལྔ་བརྒྱ་གྱ་བརྒྱད་ལ་བདེན་མིན་ཞིབ་དཔྱད་དང་དོན་དངོས་རྩད་གཅོད་བྱས་ཏེ་ཡིག་ཚགས་བཟོས་པ་དང་། རིགས་དབྱེ་སྟེ་སྲོག་སྐྱོབ་སྨན་བཅོས་བྱས་ནས། བདེ་ཐང་དབུལ་སྐྱོར་གྱི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་ཇེ་མཐོར་བཏང་བ་དང་། ཚད་མཐོ་བའི་སྒོ་ནས་ནད་བྱུང་བའི་རོང་འབྲོག་མང་ཚོགས་ཀྱི་སྲོག་སྐྱོབ་སྨན་བཅོས་ཀྱི་ཁུར་པོ་ཇེ་ཡང་དུ་བཏང་། །

རྩོམ་སྒྲིག་པ། འབྲུག་མོ།