ཞི་ཅིན་ཕིང་གིས་རིམས་འགོག་སྨན་རྫས་རྫུན་མའི་སྐོར་མཛུབ་སྟོན་གལ་ཆེན་གནང་བ།
2018.10.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 46

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་གྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅིས་ལེན་ཁྲང་ཁྲུན་སྐྱེ་དངོས་རིམ་འགོག་སྨན་རྫས་སྐོར་གྱི་གྱོད་གཞི་ལ་བླང་བྱ་གལ་ཆེན་བཏོན་ཡོད་པ་རེད།  ཁྲང་ཁྲུན་ཁྲང་ཧྲིན་སྐྱེ་དངོས་ཚན་རྩལ་ཚད་ཡོད་འགན་ལེན་ཀུང་སིས་ཁྲིམས་འགལ་ངང་རིམས་འགོག་སྨན་རྫས་ཐོན་སྐྱེད་བྱས་པའི་སྤྱོད་ངན་དེར་གདུག་རྩུབ་ཆེ་ཞིང་།  མི་སེམས་ཟང་ཟིང་དུ་བཏང་ཡོད་རྐྱེན།  འབྲེལ་ཡོད་ས་གནས་དང་སྡེ་ཁག་གིས་གཙིགས་སུ་བཟུང་སྟེ།  མྱུར་དུ་དོན་དག་གསལ་ཐག་ཆོད་པ་ཞིག་རྩད་གཅོད་བྱ་དགོས་ལ། འགན་འཁྲི་རྩད་གཅོད་ནན་མོ་དང་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱེད་དགོས། ཞིབ་བཤེར་བྱས་པའི་གནས་ཚུལ་དུས་ལྟར་སྤྱི་བསྒྲག་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་བཞིན་པའི་གནད་དོན་སེལ་དགོས་གསུངས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྨན་རྫས་བདེ་འཇགས་ནི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་གཡོལ་ཐབས་མེད་པའི་འགན་འཁྲི་ཡིན་པས། མི་དམངས་མང་ཚོགས་ཀྱི་བདེ་ཐང་ཐོག་མཐའ་བར་གསུམ་དུ་གཙོ་བོར་བཞག་སྟེ། རང་རྒྱལ་གྱི་རིམས་འགོག་དོ་དམ་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་དགོས་པ་དང་།  བདེ་འཇགས་ལས་དོན་མཐའ་གཅིག་ཏུ་བརྟན་སྲུང་བྱས་ཏེ།  མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་སྤྱི་ཚོགས་བདེ་འཇགས་ལ་ནུས་པ་ཡོད་ཚད་བཏོན་ནས་འགན་སྲུང་བྱ་དགོས་པའི་བླང་བྱ་ནན་མོ་བཏོན་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་བསྟན་དོན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མགྱོགས་མྱུར་སྒོས་ཞིབ་བཤེར་ཚན་ཆུང་རྩ་འཛུགས་བྱས་ཏེ།  རིམས་འགོག་ཐོན་སྐྱེད་དང་འགྲེམས་འཚོང་བྱེད་པའི་བརྒྱུད་རིམ་ཡོངས་ལ་ཞིབ་བཤེར་ནན་མོ་བྱ་དགོས་ལ།  གང་མགྱོགས་ཀྱིས་དོན་དངོས་ཞིབ་བཤེར་བྱས་ནས། ཁེ་ལས་ལས་ཁུངས་དང་མི་སྣ་གང་ཞིག་ཡིན་ཡང་ངེས་པར་དུ་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱས་ཏེ་གུ་ཡངས་སྤུ་ཙམ་ཡང་བཏང་མི་ཆོག མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་གནོད་པ་བཟོ་པའི་བྱ་སྤྱོད་མཐའ་གཅིག་ཏུ་ཚར་གཅོད་བྱས་ཏེ།  ཁྲིམས་འགལ་ཉེས་ཅན་ལ་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱ་དགོས་ཤིང། ལྟ་སྐུལ་དོ་དམ་པའི་ལས་ཀ་འགན་འཛོལ་བྱུང་བའི་བྱ་སྤྱོད་ལ་གཟབ་ནན་སྒོས་འགན་འཁྲི་རྩད་གཅོད་བྱ་དགོས།  མི་དམངས་མང་ཚོགས་ལ་བདེ་འཇགས་དང་བློ་བདེ། ཡིད་རྟོན་རུང་བའི་འཚོ་བའི་ཁོར་ཡུག་ཅིག་གང་མགྱོགས་སྒོས་བསྐྲུན་དགོས་ཟེར།

ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལིས་ཁི་ཆང་གི་བླང་བྱ་གཞིར་བཟུང་སྟེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆེད་དུ་བྱ་བའི་སྒྲིག་གཞི་བཙུགས་པ་མ་ཟད།  ཞིབ་བཤེར་ཚན་ཆུང་ཁྲང་ཁྲུན་ཁྲང་ཧྲིན་སྐྱེ་དངོས་ཚན་རྩལ་ཚད་ཡོད་འགན་ལེན་ཀུང་སིར་མངགས་ཏེ་གྱོད་གཞིར་ཞིབ་བཤེར་བྱེད་དུ་བཅུག  ཞིབ་བཤེར་ཚན་ཆུང་གིས་གྱོད་གཞིར་རྩད་ཞིབ་དང་འགན་འཁྲི་རྩད་གཅོད། ཉེན་ཁ་རྩད་གཅོད་སོགས་ཀྱི་བྱ་བ་བསྒྲུབ་རྒྱུ་རེད།  ཅིས་ལིན་ཞིང་ཆེན་གྱིས་ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་གྱོད་དོན་ཞིབ་བཤེར་གྱི་འགོ་ཁྲིད་ཚན་ཆུང་བཙུགས་ནས།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིབ་བཤེར་ཚན་ཆུང་དང་འབྲེལ་ཡོད་བྱ་བ་ལེགས་པོར་བསྒྲུབ་པར་རམ་འདེགས་བྱས་པ་མ་ཟད།  གྱོད་དོན་འདི་དང་ཟུང་འབྲེལ་སྒོས་ཉེན་ཁ་ཆེ་བའི་སྨན་རྫས་ཁེ་ལས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱ་རྒྱུ་རེད།  ཅིས་ལེན་ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོན་དམ་ཅུའུ་ཡིས་ཁྲང་ཁྲུན་ཁྲང་ཧྲིན་ཁྱི་སྨྱོན་ནད་ཀྱི་རིམས་འགོག་སྨན་རྫསGMPདཔང་ཡིག་གཞུང་བཞེས་བྱས་ལ།  ཁེ་ལས་དེའི་ཐོན་སྐྱེད་དང་འགྲེམས་འཚོང་བྱེད་བཞིན་པའི་ཁྱི་སྨྱོན་ནད་ཀྱི་རིམས་འགོག་སྨན་རྫས་ཐོན་སྐྱེད་བྱེད་མཚམས་བཞག་པ་དང་། ཁེ་ལས་དེའི་ཐོན་རྫས་ཡོངས་ཀྱི་ཐོན་སྐྱེད་ཆོག་མཆན་འགོད་མཚམས་བཞག་པ་རེད།

རྩོམ་སྒྲིག་པ། འབྲུག་མོ།