རང་ཞིང་གིས་ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་མ་ལག་བཙུགས་ཤིང་འཐུས་ཚང་དུ་བཏང་བ།
2018.10.15 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 34

གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་གཙོ་བོ་ཡིན་པའི་ནད་ཡམས་ལྗིད་མོ་དང་ས་གནས་རིམས་ནད་འགོག་བཅོས་ཡུལ་དངོས་ཀྱི་མཚམས་སྦྱོར་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི” ཚུན་དུ། རང་ཞིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ནན་ཏན་གྱིས་ལག་ལེན་དངོས་འབེབས་དང་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས། ཐུམ་འབུའི་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་མཁྲེགས་གཏོར་འཐབ་འཛིང་ཁྱོན་ཡོངས་ནས་བསླངས། མིག་སྔའི་བར་དུ། ཐུམ་འབུའི་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་མཁྲེགས་གཏོར་འཐབ་འཛིང་ལ་ཕན་འབྲས་རགས་ཙམ་ཐོབ་ནས། ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་མ་ལག་བཙུགས་ཤིང་འཐུས་ཚང་དུ་བཏང་།

རྒྱུས་ལོན་པ་ལྟར་ན། རང་ཞིང་གིས་ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་བྱ་བ་གཙོ་བོ་དེ་རིམ་པ་སོ་སོའི་དམིགས་འབེན་འགན་འཁྲི་དཔྱད་ཞིབ་མ་ལག་གི་གྲས་སུ་བཞག་ནས་སྔོན་འགོག་ཚོད་འཛིན་གྱི་གྲོན་དངུལ་འགན་སྲུང་བྱེད་པའི་ནང་རྐྱེན་འཐུས་ཚང་འཛུགས་རྒྱུ་རེད། ད་ལོར།འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་སྡེ་ཁག་གིས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་བཏང་བའི་ཆེད་སྤྱོད་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་ལྔ་འབུམ་ལྔ་ཁྲི་བཞི་བརྩོན་ལེན་བྱས་པར་མ་ཟད་དངོས་འབེབས་དོན་འཁྱོལ་བྱས། ཞིང་ཕྱུགས་སྡེ་ཁག་གིས་ཕྱུགས་ཟོག་བར་དུ་ཁྱབ་པའི་ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་ཆེད་སྤྱོད་མ་དངུལ་སྒོར་བྱེ་བ་གསུམ་བཀོད་སྒྲིག་བྱས་པ་དང་། འཕེལ་རྒྱས་དང་བཅོས་བསྒྱུར་སྡེ་ཁག་གིས་ཀྲུང་དབྱང་གི་སྔོན་རྩིས་སུ་བཏང་བའི་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་ལྔ་འབུམ་གསུམ་དང་ཁྲི་གཅིག་དངོས་འབེབས་བྱས། ཆུ་བེད་སྡེ་ཁག་གིས་ཞིང་སྡེའི་འཐུང་ཆུ་བདེ་འཇགས་དང་སྲ་བརྟན། ཇེ་མཐོ་བཅས་ཀྱི་བཟོ་འགོད་འཛུགས་སྐྲུན་ཐད་མ་དངུལ་སྒོར་བྱེ་བ་བདུན་དང་ས་ཡ་བཞི་ལྷག་བཀོད་སྒྲིག་བྱས། ཞིང་ཆེན་ཚན་རྩལ་ཐིན་གྱིས་ལས་གཞི་བཙུགས་ཏེ་ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་ལས་གཞི་ལྔ་ལ་རྒྱབ་སྐྱོར་བྱས་ཏེ་གྲོན་དངུལ་སྒོར་ས་ཡ་གཉིས་དང་འབུམ་གཅིག་གིས་རོགས་རམ་བྱས། “12345”ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་དྲིལ་སྒྲོག་དང་སློབ་གསོ་བྱ་འགུལ་ཁྱོན་ཡོངས་དང་རྒྱ་ཆེར་ཁྱབ་པ་འབུར་དུ་ཐོན་པར་བྱས་པས། གྲོང་སྡེ་དང་སྡེ་ཁུལ། སློབ་གྲྭ། ལས་ཁུངས། དགོན་པ། འབྲོག་ཁྱིམ་བཅས་སུ་བསྐྱོད་ནས་དངོས་སུ་དྲིལ་སྒྲོག་དང་སློབ་གསོ་ཐེངས་བདུན་བརྒྱ་ལྷག་སྤེལ། ཞིང་ཕྱུགས་སྡེ་ཁག་གིས《མཚོ་སྔོན་ཞིང་ཆེན་གྱི་ཁྱི་རིགས་ཚད་ལྡན་དོ་དམ་བྱེད་ཐབས》གཏན་འབེབས་བྱས་ཏེ། སྒོ་ཁྱི་འབུམ་བརྒྱད་དང་ཁྲི་དགུ་ལྷག་ཐོ་འགོད་དོ་དམ་བྱས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཚོད་ལྟའི་ཚུལ་དུ་སྒོ་ཁྱིར་གློག་རྡུལ་ཐོབ་ཐང་གིས་དོ་དམ་བྱས་ཏེ། ཁྱིའི་སྟེང་གི་འབུ་བསལ་བ་དང་ལུག་ལ་འགོག་སྨན་རྒྱག་པ། བདེ་ཐང་སློབ་གསོ་སྤེལ་བ། གནོད་མེད་ཅན་དུ་ཐག་གཅོད་བྱེད་པ་བཅས“གནས་བཞི་གཞི་གཅིག”གི་འགོག་བཅོས་བྱེད་ཐབས་ཀྱི་ཤུགས་ཚད་ཇེ་ཆེར་བཏང་།

མཁྲེགས་གཏོར་འགུལ་སྐྱོད་སྤེལ་བའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་འཕྲོད་བསྟེན་སྡེ་ཁག་གིས་མི་ཚོགས་གཙོ་བོར་ཞིབ་བཤེར་ནན་འཛིན་བྱས་ཏེ་ཞིང་ཆེན་ཡོངས་ནས་རིམ་བསགས་ཀྱིས་མི་ཐེངས་ས་ཡ་བཞི་དང་འབུམ་དྲུག་ཁྲི་དྲུག་ཙམ་ལ་ཞིབ་བཤེར་བྱས་ཏེ།མི་སྟོང་གཉིས་དང་སུམ་བརྒྱ་ཞེ་གཉིས་ལ་ཐུམ་འབུའི་ནད་འགོས་ཡོད་པ་ངོས་འཛིན་བྱས། དེའི་ཁྲོད་ནད་པ་སྟོང་གཅིག་དང་སུམ་བརྒྱ་གོ་གཉིས་ལ་གཤག་བཅོས་བྱས་པ་དང་། ནད་པ་གཞན་རྣམས་ལ་རིན་མ་བླངས་པར་སྨན་བཅོས་བྱས། ཐུམ་འབུའི་ནད་པ་དེ་ཁྱིམ་ཚང་སྨན་པ་དང་ཞབས་ཞུའི་གན་རྒྱའི་ནང་འཇོག་པ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དོ་དམ་གྲས་སུ་བཞག་སྟེ། ཐུམ་འབུའི་ནད་པ་དབུལ་པོ་ལ་སྲོག་སྐྱོབ་ཀྱི་ཐབས་ཇུས་ལག་བསྟར་བྱེད་རྒྱུ་དང་། ཐུམ་འབུའི་ནད་པ་དབུལ་པོ་ལ་ཡིག་ཚགས་བྱང་བུ་བཙུགས་ནས་གནད་ཁེལ་སྲོག་སྐྱོབ་བྱེད་རྒྱུ། ཐུམ་འབུའི་ནད་པ་དཀྱུས་མར་རིན་མེད་སྲོག་སྐྱོབ་སྨན་བཅོས་ཕལ་ཆེར་མངོན་འགྱུར་བྱེད་རྒྱུ་རེད།

བཅིངས་འགྲོལ་དམག་གི་སྤྱིའི་མཁོ་སྒྲུབ་འགན་སྲུང་པུའུ་ཡིས་དམག་དཔུང་གི་སྤུས་ལེགས་སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས་མངགས་ཡོང་ནས་རང་ཞིང་གི་ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་བྱ་བར་རྒྱབ་སྐྱོར་བྱས། སྨན་ཁང302པ་དང་སྨན་ཁང253པ། སྨན་ཁང107པ། ཧྲིན་དབྱང་དམག་ཁུལ་དང་ཁྲིན་ཏུའུ་དམག་ཁུལ་གྱི་སྤྱི་ཁྱབ་སྨན་ཁང་སོགས་སྨན་བཅོས་རུ་ཁག5སྔ་གཞུག་ཏུ་ཞིང་ཆེན་མི་དམངས་སྨན་ཁང་དང་། གཅིག་སྒྲིལ་རྫོང་དང་རྫ་སྟོད་རྫོང་གི་མི་དམངས་སྨན་ཁང་བཅས་སུ་བསྡད་ནས། བསྟུད་མར་ལོ་ངོ་བཞི་ཡི་རིང་ལ་ཐུམ་འབུའི་ནད་པར་ཞིབ་བཤེར་དང་སྲོག་སྐྱོབ་གཙོ་བོ་ཡིན་པའི་ལག་རྩལ་རོགས་སྐྱོར་དང་ནད་ཐོག་སྨན་བཅོས་ཀྱི་ལམ་ནས་དམར་ཁྲིད་བྱས། །

རྩོམ་སྒྲིག་པ། འབྲུག་མོ།