སྤྱིར་བཏང་དུ་ལུས་སྦྱོང་བྱས་རྗེས་རྔུལ་ཆུ་ཐོན་པ་ཅུང་ཚད་དང་རན་པ་ཡིན་ཚེ། གཏེར་ཆུ་དང་ཆུ་ཁོལ། ཇ། ཤིང་ཏོག་གི་ཁུ་བ། འོ་མ་སོགས་འཐུང་ནས་སྐོམ་པ་སེལ་ན་ཆོག དེ་ལས་ལྡོག་སྟེ་རྔུལ་ཆུ་ཐོན་པ་མང་དྲག་ན་ལུས་སྦྱོང་ལ་ཆེད་དུ་གཏན་འཁེལ་བྱས་པའི་སྐོམ་ཆུའི་རིགས་དང་། ཚྭ་ཆུ། སྔོ་ཚོད་གྱི་ཁུ་བ་སོགས་འཐུང་བ་ལས། ཆུ་ཁོལ་རྐྱང་བའི་རིགས་འཐུང་ན་ཁྲག་ཤེད་དམའ་བའི་ནད་རིགས་འབྱུང་སྲིད།
ལུས་སྦྱོང་ཁྲོད་ཆུ་ཤོར་བ་མང་ན་ཁ་གསབ་ཀྱང་དེ་ལྟར་བྱ་དགོས། སྤྱིར་བཏང་དུ་བཤད་ན། ལུས་ནས་རྔུལ་ཆུ་ཐོན་རྗེས་ལུས་པོའི་ལྗིད་ཚད་ཀྱང་མར་འབབ་ཀྱིན་ཡོད་པས། ལུས་སྟེང་ནས་གཤེར་ཁུ་མང་པོ་ཐོན་ན་འཐུང་ཆུ་དེ་ལྟར་ཁ་གསབ་བྱེད་པ་དང་། རྒྱུན་ལྡན་གྱི་མི་ཞིག་ལ་མཚོན་ནས་བཤད་ན་སྐོམ་པའི་ཚད་དང་མཐུན་པར་ཁ་གསབ་བྱེད་དགོས། ལུས་སྟེང་དུ་གཤེར་གཟུགས་ཁ་གསབ་བྱེད་ན་ཚད་ཉུང་བའི་སྒོ་ནས་ཐེངས་མང་པོར་འཐུང་བའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཐེངས་རེར་ཧའོ་ཧྲིན་བརྒྱ་ནས་ཉིས་བརྒྱའི་བར་འཐུང་བ་ལས་མང་པོ་འཐུང་མི་རུང་།
མི་རྣམས་ལ་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཆགས་ཡོད་པ་ནི་འགུལ་སྐྱོད་བྱེད་སྐབས་དང་འགུལ་སྐྱོད་བྱས་རྗེས་ཆུ་འཐུང་བའི་གོམས་སྲོལ་ཡོད་ལ། འགུལ་སྐྱོད་སྔོན་ལ་ཆུ་འཐུང་ནས་ཁ་གསབ་བྱེད་པ་སྣང་མེད་དུ་འཇོག་གིན་ཡོད། གལ་ཏེ་ཁྱེད་ལ་ལུས་སྟོབས་བཟང་པོ་ཞིག་ཡོད་འདོད་ན།ཐོག་མཐའ་བར་གསུམ་དུ་ལུས་སྟེང་གི་གཤེར་གཟུགས་འདྲ་མཉམ་ཡོང་བ་རྒྱུན་འཁྱོངས་བྱེད་པ་ལས་ལུས་ཆུ་ཟད་དུ་འཇུག་མི་རུང་། དེའི་ཕྱིར་བྱེ་བྲག་གི་གནས་ཚུལ་ལ་གཞིགས་ནས་འགུལ་སྐྱོད་སྔོན་དང་། འགུལ་སྐྱོད་བྱེད་པའི་སྐབས། འགུལ་སྐྱོད་བྱས་རྗེས་བཅས་སུ་གཤེར་གཟུགས་ཁ་གསབ་བྱ་དགོས། ན་གཞོན་ལོ་ཆུང་རིགས་ལ་ལུས་སྦྱོང་ཁྲོད་རྔུལ་ཆུ་ཐོན་པ་མང་དྲག་ན་མངར་ཆ་ལྡན་པའི་སྐོམ་ཆུའི་རིགས་འཐུང་ན་ལེགས།
རྒན་པའི་རིགས་འགུལ་སྐྱོད་བྱེད་ཚད་ཉུང་བས་ལུས་ནས་རྔུལ་ཆུ་ཐོན་པ་ཉུང་བ་དང་། མི་ལ་ལར་དལ་གཤིས་ནད་ཡོད་པས་འགུལ་སྐྱོད་ཆེད་སྤྱོད་ཀྱི་སྐོམ་ཆུའི་རིགས་བཀོལ་དགོས་པའི་ངེས་པ་མེད། འོས་འཚམ་གྱིས་གཏེར་ཆུ་དང་ཆུ་ཁོལ། ཇ། སྲན་ལྗང་གི་ཁུ་བ། འོ་མ་སོགས་འཐུང་ན་ཕན་པ་ཡོད།
ཤ་རྒྱགས་པའི་རིགས་ལ་མཚོན་ནས་བཤད་ན། ལུས་ཕུང་སྦྱོང་བརྡར་ནི་ཚོ་བྱང་དུ་འཇུག་པའི་དམིགས་ཡུལ་ཡིན། དེ་བས་བཅུད་ལྡན་གྱི་སྐོམ་ཆུའི་རིགས་འཐུང་མི་ཉན། གལ་ཏེ་རྔུལ་ཆུ་ཐོན་པ་མང་དྲག་ན་མངར་ཆ་མི་འདྲེས་པའི་སྐོམ་ཆུའི་རིགས་སྤྱོད་དགོས།
ཁྲག་ཤེད་མཐོ་བའི་མིས་འགུལ་སྐྱོད་ཚད་ལས་བརྒལ་བ་བྱ་མི་རུང་ལ། ཁྲག་ཤེད་རྒྱུན་ལྡན་ཡོང་བར་འབད་པ་བྱ་དགོས། གལ་ཏེ་ལུས་ནས་རྔུལ་ཆུ་མང་པོ་ཐོན་ན(钠离子)ནཱ་གྱེས་རྡུལ་འདུས་ཚད་ཅུང་དམའ་བའི་སྐོམ་ཆུའི་རིགས་འཐུང་ནས་སྐོམ་པ་སེལ་ན་ཁྲག་ཤེད་ལ་གནོད་པ་ཆེན་པོ་མེད།
གཅིན་པ་མངར་འགྱུར་བྱུང་བའི་ནད་པ་ཞིག་ཡིན་ན། ཆོས་ཉིད་ལྡན་པའི་སྒོ་ནས་དུས་ཡུན་རིང་བོར་དལ་བའི་རང་བཞིན་གྱི་འགུལ་སྐྱོད་བྱས་ན། ཁྲག་གི་ནང་དུ་འདུས་པའི་མངར་ཆ་ཚོད་འཛིན་བྱེད་པར་ཕན་པ་ཡོད། དུས་མཚུངས་སུ།འགུལ་སྐྱོད་ཚད་ལས་བརྒལ་བར་གཡོལ་ནས་ཁྲག་ནང་དུ་འདུས་པའི་མངར་ཆ་རྒྱུན་ལྡན་ཡོང་བར་འབད་དགོས། གལ་ཏེ་རྔུལ་ཆུ་ཐོན་པ་མང་དྲག་ན་མངར་ཆ་ཉུང་འདུས་དང་མངར་ཆ་མེད་པའི་སྐོམ་ཆུ་འཐུང་ནས། ཁྲག་ནང་དུ་འདུས་པའི་མངར་ཆ་ཇེ་མཐོར་འགྲོ་བ་སྔོན་འགོག་བྱ་དགོས། །
རྩོམ་སྒྲིག་པ། འབྲུག་མོ།