བརྒྱལ་གཟེར་བྱུང་བའི་བྱིས་པར་གསོ་བཅོས་བྱེད་ཐབས།
2018.10.18 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 87

བརྒྱལ་གཟེར་ནི་ཆེས་རྒྱུན་མཐོང་གི་དལ་བའི་རང་བཞིན་གྱི་བྱིས་པའི་དབང་རྩའི་མ་ལག་གི་ནད་རིགས་ཤིག་རེད། རང་རྒྱལ་དུ་ཧ་ལམ་བརྒྱལ་གཟེར་བྱུང་བའི་ནད་པ་བྱེ་བ་གཅིག་ཙམ་ཡོད་ཅིང་། དེའི་ཁྲོད་དུ་མ་མཐའ་ཡང་ས་ཡ་དྲུག་ནས་བརྒྱད་ཙམ་ནི་བྱིས་པ་རེད། ལོ་རེར་བརྒྱལ་གཟེར་གྱི་ནད་པ་འབུམ་བཞི་ནས་ལྔ་ཙམ་གསར་དུ་འབྱུང་བཞིན་ཡོད་པ་དང་། དེ་ལས་ལོ་གསུམ་མན་གྱི་བྱིས་པར་འབྱུང་ཚད་ཆེས་མཐོ།

བརྒྱལ་གཟེར་གྱི་ནད་ལ་རིགས་མང་པོ་ཡོད་ཅིང་ནད་དེའི་འཕར་སྟངས་ལའང་རྣམ་པ་སྣ་ཚོགས་ཡོད། ཀླད་པས་ལུས་ཡོངས་ལ་ཚོད་འཛིན་བྱེད་བཞིན་ཡོད་པས། གནས་གང་ཞིག་ལ་རྒྱུན་ལྡན་མིན་པའི་སྣང་ཚུལ་བྱུང་ཚེ། བྱིས་པར་དེ་དང་འབྲེལ་བའི་ནད་རྟགས་འབྱུང་བ་ཡིན། འཁུམ་འདར་བྱེད་པ་དེ་བརྒྱལ་གཟེར་ནད་འཕར་སྐབས་ཀྱི་ཆེས་རྒྱུན་མཐོང་གི་མངོན་རྟགས་ཤིག་ཡིན་ཏེ། ཧ་ལམ་བརྒྱ་ཆའི་བརྒྱད་ཅུའི་ནད་པར་ཐོག་མའི་ནད་རྟགས་དེ་འབྱུང་ཞིང་། ནད་རྟགས་དེ་ལའང་ཡང་ལྕི་སྣ་ཚོགས་ཡོད་པ་ཡིན། འོན་ཀྱང་འཁུམ་འདར་བྱེད་པའི་ནད་པ་ཡོད་ཚད་བརྒྱལ་གཟེར་ནད་དུ་འགྱུར་བའི་ངེས་པ་མེད། ཕལ་ཆེར་ནད་པ་ལྔ་ཙམ་གྱི་ནང་དུ་གཅིག་ཙམ་མ་གཏོགས་མཐའ་མར་བརྒྱལ་གཟེར་གྱི་ནད་དུ་འགྱུར་མི་སྲིད།

བརྒྱལ་གཟེར་ནད་ཀྱི་མངོན་རྟགས་གཞན་ཞིག་ནི། ཁོག་པ་ན་བ་དང་། སྐྱུག་པ། གཅིན་ཤོར་བ། དུས་ཡུན་ཐུང་ངུའི་ནང་ཅི་ཡིན་འདི་ཡིན་མི་ཤེས་པར་ཁ་ནས་གང་བཤད་འདི་བཤད་མེད་པ་དང་མིག་ཡང་ཡང་རྡེབ་པ། དབང་བོ་མི་གསལ་བར་འགྱུར་བ་ཡིན། བརྒྱལ་གཟེར་ནད་འཕར་བར་རྟག་ཏུ་རྒྱུ་རྐྱེན་གང་ཡང་མེད་པས། ཁྱིམ་བདག་གིས་ངེས་པར་དུ་བྱིས་པའི་རྒྱུན་ལྡན་མིན་པའི་མངོན་རྟགས་ལ་མཉམ་འཇོག་གང་ལེགས་བྱས་ནས། གལ་ཏེ་རྒྱུན་ལྡན་མིན་པའི་སྣང་ཚུལ་ཐེངས་གཉིས་ཡན་བྱུང་ཚེ། བྱིས་པ་སྨན་ཁང་དུ་ཁྲིད་ནས་བརྟག་དཔྱད་བྱེད་དགོས།

བརྒྱལ་གཟེར་ནད་པས་རྒྱུད་འདེད་མིན་གྱི་གནད་དོན་དེ་ནི་ཚང་མས་དོ་ཁུར་བྱེད་པའི་གནད་དོན་ཞིག་རེད། བརྒྱལ་གཟེར་ལ་རིགས་གཉིས་ཡོད་དེ། གཅིག་ནི་རྒྱུད་རྒྱུ་ལ་གནད་དོན་ཡོད་པས་དེས་རྒྱུད་འདེད་སྲིད་པ་ཡིན། ཡིན་ནའང་རྒྱུད་རྒྱུ་ལ་གནད་དོན་ཡོད་པའི་གནས་ཚུལ་ཧ་ཅང་ཉུང་ཉུང་ཙམ་ཡིན་ཞིང་། མང་ཆེ་བ་ནི་རྒྱུད་རྒྱུ་ལ་རྗེས་འབྱུང་རང་བཞིན་གྱི་ནད་འགྱུར་བྱུང་བ་ཡིན།

ཕྱོགས་གཞན་ཞིག་ནི་མཐུད་འབྱུང་རང་བཞིན་གྱི་བརྒྱལ་གཟེར་ཡིན་པ་དང་། དེ་ནི་ཕྱི་རྐྱེན་ལ་བརྟེན་ནས་བྱུང་བ་ཡིན་ཏེ། དཔེར་ན་མགོ་བོར་རྨས་སྐྱོན་བཟོས་པ་དང་། ཡང་ན་བཙའ་རྨས་ཐེབས་པ། ལྷན་སྐྱེས་རང་བཞིན་གྱི་ནད་རིགས། ཀླད་སྐྲན། ཕྱིར་བཀྱེད་རང་བཞིན་གྱི་ཀླད་ནད། རྙིང་ཚབ་གསར་བྱེད་ཀྱི་གནད་དོན་ཡོད་པ་སོགས་ལྟ་བུ་རེད།

བརྒྱལ་གཟེར་བྱུང་བའི་བྱིས་པ་མང་ཆེ་བར་སློང་རྐྱེན་གང་ཡིན་ཤེས་མི་ཐུབ་པ་རེད། རྒྱུད་འདེད་རང་བཞིན་གྱི་རྒྱུད་རྒྱུ་ལ་གནད་དོན་ཡོད་པའི་ནད་པར་མཚོན་ནའང་། དེ་ནི་རྒྱུད་རྒྱུ་ལ་རྗེས་འབྱུང་རང་བཞིན་གྱི་ནད་འགྱུར་བྱུང་བ་ཡིན་ཏེ། སྤྱིར་མའི་མངལ་དུ་རྒྱུད་རྒྱུ་ལ་གློ་བུར་ནད་འགྱུར་བྱུང་བ་ལས་བསྐྱེད་པ་མ་གཏོགས། ཕ་མའི་ཕྱོགས་ནས་རྒྱུད་དེད་པ་ཞིག་གཏན་ནས་མིན། བརྒྱལ་གཟེར་ནད་དེས་ཕལ་ཆེར་རྒྱུད་འདེད་མི་སྲིད།

བརྒྱལ་གཟེར་ནད་ཀྱི་གསོ་བཅོས་བྱེད་ཐབས་ཆེས་གཙོ་བོ་ནི་ཐོག་མར་སྨན་རྫས་ལ་བསྟེན་པ་དང་དེ་ནས་གཤགས་བཅོས་ཀྱི་ཐབས་བཀོལ་དགོས།  ཚད་ལྡན་གྱི་སྨན་བཅོས་བྱེད་ཐབས་སྤྱད་ན་བརྒྱ་ཆའི་དྲུག་ཅུ་ནས་བདུན་ཅུའི་ནད་པར་སྨན་རྫས་ཀྱིས་རྩ་བ་ནས་ཚོད་འཛིན་བྱེད་ཐུབ། བརྒྱལ་གཟེར་བྱུང་བའི་ནད་པས་བསྟུད་མར་ལོ་གསུམ་ནས་ལྔའི་ནང་དུ་སྨན་འཐུང་རྗེས། གལ་ཏེ་ནད་གཞི་ཡང་བསྐྱར་མ་འཕར་ཚེ་སྨན་ཇེ་ཉུང་དུ་གཏོང་བའམ་ཡང་ན་འཐུང་མཚམས་བཞག་ཆོག ཧ་ལམ་བརྒྱ་ཆའི་སུམ་ཅུའི་ནད་པར་ཚད་ལྡན་གྱི་བརྒྱལ་གཟེར་འགོག་པའི་སྨན་རྫས་ཀྱིས་གསོ་བཅོས་བྱས་རུང་ད་དུང་སྔར་བཞིན་ནད་གཞི་འཕར་བར་ཚོད་འཛིན་བྱེད་མི་ཐུབ་པ་ཡིན།  དེ་ནི་སྨན་རྫས་ཀྱིས་གསོ་མི་ཐུབ་པའི་བརྒྱལ་གཟེར་གྱི་རིགས་ཡིན་པས། དེ་ལ་གཤགས་བཅོས་ཀྱི་བྱེད་ཐབས་སྤྱད་ནས་རྒྱུན་ལྡན་མིན་པའི་ཀླད་པའི་ཕུང་གྲུབ་ལེན་དགོས། གཤགས་བཅོས་ཀྱི་སྔོན་རྗེས་སུ། ད་དུང་མུ་མཐུད་ནས་བརྒྱལ་གཟེར་འགོག་པའི་སྨན་རྫས་ཀྱིས་དུས་ཡུན་ངེས་ཅན་ཞིག་ལ་གསོ་བཅོས་བྱེད་དགོས།

གཤགས་བཅོས་བྱས་རྗེས་མ་མཐའ་ཡང་ལོ་གཅིག་ནས་གཉིས་ཙམ་ལ་སྨན་འཐུང་དགོས་ཤིང་། གལ་ཏེ་ནད་གཞི་ཡང་བསྐྱར་མ་འཕར་ཚེ་རིམ་གྱིས་སྨན་འཐུང་ཚད་ཇེ་ཉུང་དུ་བཏང་ནས་མཚམས་བཞག་ཆོག

ཧ་ཅང་གསོ་དཀའ་བའི་བརྒྱལ་གཟེར་གྱི་ནད་པ་ལ་ལ་ཞིག་ལ་སྨན་རྫསས་ཀྱིས་གསོ་བཅོས་བྱས་རུང་ཕན་ནུས་མེད་པའི་སྐབས་སུ། སྨན་པས་ཐོན་སྐྱེ་བཟའ་བཏུང་སྟེ་སྣུམ་ཞག་གི་འདུས་ཚད་ཅུང་མཐོ་ཞིང་སྤྲི་དཀར་འོས་འཚམ་ལྡན་པ། ཐན་ཆུ་འདྲེས་སྦྱོར་རྫས་ཉུང་བའི་བཟའ་བཏུང་གི་རིགས་ཀྱིས་བཅོ་ཐབས་སྤྱོད་ངེས།  ཆེད་མཁས་སྨན་པས་བལྟས་ན་ཐོན་གཟུགས་ཀྱིས་ཀླད་ཆེན་ནང་གི་རྒྱུན་ལྡན་མིན་པའི་སྣང་ཚུལ་དེར་ཚོད་འཛིན་བྱས་ནས་བརྒྱལ་གཟེར་ནད་འཕར་ཚད་ཇེ་ཉུང་དུ་གཏོང་སྲིད་ཟེར། ཡིན་ནའང་ཐོན་སྐྱེ་བཟའ་བཏུང་གི་བཅོ་ཐབས་དེ་ངེས་པར་དུ་དུས་ཡུན་རིང་བོར་སྤྱོད་དགོས་ཏེ། མ་མཐའ་ཡང་ལོ་གཅིག་ཡན་འགོར་དགོས་པས། ནད་ཐོག་ནས་བཀོལ་སྤྱོད་བྱེད་པར་ཅུང་དཀའ་ཁག་ཆེ་ཞིང་། བྱིས་པ་དང་ཁྱིམ་བདག་གིས་ཀྱང་རྒྱུན་སྐྱོང་དཀའ་བ་རེད།

དེང་སྐབས་སྤྱི་ཚོགས་སྟེང་དུ་མི་རྣམས་ཀྱིས་བརྒྱལ་གཟེར་བྱུང་བའི་ནད་པར་མཐོང་ཆུང་གི་ལྟ་ཚུལ་འཛིན་བཞིན་ཡོད། བརྟག་དཔྱད་བྱས་པ་ལས་ཧ་ལམ་བརྒྱ་ཆའི་བརྒྱའི་བརྒྱལ་གཟེར་བྱུང་བའི་ནད་པ་དང་དེའི་ཁྱིམ་མིས་ནད་དེ་བྱུང་བ་ལས་སེམས་སྡུག་ཆེན་པོ་བྱེད་ཅིང་། བརྒྱ་ཆའི་བརྒྱད་ཅུའི་ནད་པས་ད་རུང་ནད་དེ་ངོ་ཚ་ཞིག་ཏུ་བརྩིས་བཞིན་ཡོད། རྒྱུ་མཚན་ནི་བརྒྱལ་གཟེར་འཕར་བའི་སྐབས་སུ་ཀླད་ཆེན་གྱི་བྱེད་ལས་འཁྲུགས་ནས་ཀླད་པར་གནོད་སྐྱོན་ཆེན་པོ་གཏོང་བཞིན་ཡོད་པས། བརྒྱལ་གཟེར་བྱུང་བའི་བྱིས་པ་མང་ཆེ་བའི་ཀླད་པ་དེ་འདྲའི་མི་གསལ་བས་རེད།

བྱིས་པ་དེ་དག་ཐོག་མར་སློབ་གྲྭར་འགྲིམས་སྐབས། རྒྱུན་ལྡན་གྱི་བྱིས་པ་ལྟར་རེ་བ་མཐོན་པོ་མི་འཛིན་པར་དམིགས་བསལ་སྟེར་དགོས། དེ་ལྟར་མ་བྱས་ཚེ་སློབ་སྦྱོང་ཕྱོགས་ལ་སུན་སྣང་སྐྱེས་སྲིད། དེ་ལས་གཞན་དལ་བའི་རང་བཞིན་གྱི་ནད་རིགས་ཀྱིས་བྱིས་པའི་སེམས་ཁམས་ལ་གནད་དོན་བཟོ་སླ་བས། ཁྱིམ་བདག་དང་དགེ་རྒན་གྱིས་བརྒྱལ་གཟེར་བྱུང་ཡོད་པའི་བྱིས་པར་སྔར་ལས་ལྟ་སྐྱོང་དང་གཞན་ལས་བྱམས་སྐྱོང་བྱེད་དགོས། སྤྱི་ཚོགས་ཀྱིས་ཀྱང་དེ་དང་མཐུན་པའི་འགན་སྲུང་ལམ་ལུགས་བཙུགས་ནས་བྱིས་པ་དེ་དག་ལ་ནད་གསོ་བའི་གོ་རིམ་རིང་མོའི་ཁྲོད་དུ་སྨན་བཅོས་དང་སློབ་གསོ་སོགས་ཕྱོགས་ནས་གཟིགས་སྐྱོང་གང་ལེགས་བྱེད་དགོས། །

ལོ་ཙཱ་བ། འབྲུག་མོ།