དེང་རབས་གློག་རྡུལ་ལ་ཆགས་པའི་བྱིས་པའི་སྤྱོད་སྟངས་ངེས་པར་དུ་བསྒྱུར་བཅོས་བྱེད་དགོས། 
2018.10.19 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 48

དེང་རབས་གློག་རྡུལ་ལ་ཆགས་པའི་བྱིས་པ་རྣམས་ངེས་པར་དུ་གློག་རྡུལ་ཁང་ལས་ཕྱིར་བུད་དེ་ཕྱི་རོལ་དུ་འཆམ་འཆམ་ལ་སོང་ན་བཟང་།

ལོ་རབས་དགུ་བཅུ་བ་དང་ཉིས་སྟོང་ལོའི་རྗེས་སུ།  psp སོགས་གློག་རྡུལ་ཐོན་རྫས་མང་པོ་འཕྲོ་རིམ་འཕྲོར་བྱུང་བས། བྱིས་པ་མང་པོ་དེ་དག་ལ་མགོ་འཁོར་ནས་ཉིན་གང་བོར་ཁྱིམ་དུ་འཛུལ་དེ་སྒོའི་ཕྱིར་འགྲོ་མི་འདོད། དེ་ལྟར་བྱས་ན། བྱིས་པའི་སེམས་ཁམས་བདེ་ཐང་ལ་གནོད་པ་ཆེན་པོ་གསུམ་འབྱུང་སྲིད་པས། ངེས་པར་དུ་བྱིས་པ་སྒོའི་ཕྱི་རོལ་དུ་འགྲོ་རུ་འཇུག་དགོས།

དང་པོ། གྲོགས་པོ་ཕན་ཚུན་བར་འབྲེལ་འདྲིས་བྱེད་མི་འདོད་པར་འགྱུར་བ།

བརྡ་གཏོང་གློག་ལམ་དྲ་བ་དང་རོལ་རྩེད་སྐོར་ལ་མཐའ་གཅིག་ཏུ་མགོ་འཁོར་བའི་བྱིས་པའི་སེམས་ཁམས་དེ་གློག་རྡུལ་ཉེན་ཆས་ཀྱི་གོ་རིམ་ཅན་དུ་གྱུར་ཏེ། སྤྱི་ཚོགས་ཀྱི་སྣེ་མང་རྙོག་འཛིང་གི་ཁོར་ཡུག་དང་འཕྲོད་དཀའ་ལ། རིམ་གྱིས་སྤྱི་ཚོགས་དང་འབྲེལ་འདྲིས་བྱེད་དཀའ་བར་འགྱུར་བ་དང་རང་ཉིད་འཚར་ལོངས་འབྱུང་བའི་གོ་སྐབས་ཡོད་ཚད་ཀྱང་འཆོར་སླ། ད་དུང་བྱིས་པ་ལ་ལར་སྤྱི་ཚོགས་དང་འབྲེལ་འདྲིས་བྱེད་པར་འགལ་རྐྱེན་ངེས་ཅན་ཞིག་ཐེབས་སྲིད་དེ། གཞན་དང་ཁ་བརྡ་བྱེད་སྐབས་ཀྱང་གཞན་གྱི་གདོང་ལ་མི་བལྟ་བ་དང་། ཐ་ན་གཞན་ལ་རྒྱབ་བསྟན་ནས་ཁ་བརྡ་བྱེད་པའང་ཡོད།

ཁེར་རྐྱང་ཁེར་འདུག་ལ་དགའ་བའི་སྤྱོད་ཚུལ་ལམ་ནད་རྟགས་དེ་ནི་མི་རྒྱུད་ལ་འབྲེལ་བ་ཡོད་ཅིང་། ཁོར་ཡུག་གི་རྒྱུ་རྐྱེན་ལའང་འབྲེལ་བ་ཡོད་དེ། ཆུང་དུས་ནས་གློག་རྡུལ་ཐོན་རྫས་བཀོལ་སྤྱོད་བྱས་པ་ལས་བཟོས་པའི་ཤུགས་རྐྱེན་ཀྱང་དེའི་ཁྲོད་ཀྱི་གཅིག་ཡིན། གལ་ཏེ་བྱིས་པར་དེ་ལྟ་བུའི་གནས་ཚུལ་བྱུང་ན། ཁྱིམ་བདག་གིས་མྱུར་དུ་ཁོ་ཚོར་རྩེད་རོགས་བཙལ་དགོས་པར་མ་ཟད། དབྱར་གནང་དང་དགུན་གནང་གི་སྐབས་སུ་བྱིས་པ་མང་པོའི་ཁྲོད་དུ་སོང་ནས་སྒོ་ཕྱི་ནས་རྩེད་འཇོར་རོལ་བར་གོ་སྐབས་བསྐྲུན་དགོས།

གཉིས་པ། སློབ་སྦྱོང་ལ་བར་ཆད་ཐེབས་པ།

གཞན་དབང་དུ་གྱུར་ན་བསམ་གཞིགས་ཀྱི་ནུས་པ་རང་ཤུགས་ཀྱིས་ཉམས་འགྲོ། གློག་རྡུལ་ཐོན་རྫས་ལ་ཕན་ཚུན་སྐུལ་འདེད་ཀྱི་རང་བཞིན་དང་སློབ་ཁྲིད་ཀྱི་རང་བཞིན་ལྡན་མོད། དེ་དག་གིས་སྲོལ་རྒྱུན་གྱི་ཐོག་མའི་སློབ་གསོའི་རྣམ་པ་དང་མི་དང་མིའི་བར་དུ་བསམ་བློ་བརྗེ་རེས་བྱེད་པའི་རྣམ་པ་སོགས་ཀྱི་ཚབ་གཏན་ནས་བྱེད་མི་ཐུབ། རྩིས་འཁོར་མང་པོའི་ནང་གི་རོལ་རྩེད་ཚང་མ་གཞན་དབང་ལ་དོ་སྣང་བྱེད་དགོས་པ་ཤ་སྟག་ཡིན་པས། ལོ་ཆུང་བྱིས་པའི་འདང་རྒྱག་ཕྱོགས་དང་གསར་གཏོད་ཀྱི་ནུས་པ། བསམ་གཞིགས་ཀྱི་ནུས་པ། དྲང་བདེན་གྱི་འཇིག་རྟེན་ལ་འཚོལ་ཞིབ་བྱེད་པའི་ཡ་མཚན་ཤེས་འདོད་ཀྱི་བསམ་པ་སོགས་ལ་ཤུགས་རྐྱེན་ངན་པ་ཐེབས་ནས། བྱིས་པར་སེམས་ཁྲལ་ཇེ་མང་དང་འགལ་རྐྱེན་ཇེ་ཆེ། ཁེ་སྤོགས་ཐོབ་འདོད་ཀྱི་རང་གཤིས་ཇེ་སྡུག་ཏུ་བསྒྱུར་སྲིད། དེ་ལྟར་དུས་ཡུན་རིང་པོ་འགོར་ཚེ། སེམས་ཤུགས་ཡོད་ཚད་གློག་རྡུལ་རྩེད་མོའི་སྟེང་དུ་འཁོར་ནས། དགེ་རྒན་དང་སློབ་གྲོགས་བར་འབྲེལ་འདྲིས་མི་བྱེད་པ་མ་ཟད། ཐ་ན་སྤྱི་ཚོགས་ཧྲིལ་བོར་འབྲེལ་ཐག་གཅོད་ངེས། དེ་ནི་བྱིས་པ་འཚར་ལོངས་འབྱུང་བའི་བརྒྱུད་རིམ་ཁྲོད་ཧ་ཅང་མི་ལེགས་པའི་སྣང་ཚུལ་ཞིག་རེད།

ཁྱིམ་བདག་གིས་བྱིས་པའི་འདོད་པ་དང་བསྟུན་ནས་རང་མོས་བྱ་འགུལ་འཛིན་གྲྭར་མིང་ཐོ་འགོད་དགོས་ལ། དེ་ནི་གཙོ་བོ་ཤེས་བྱ་གང་ཞིག་སློབ་ཆེད་མིན་པར་རང་གི་ན་མཉམ་གྲོགས་པོ་རྣམས་དང་མཉམ་དུ་རྩེད་འཇོར་རོལ་བ་དང་སློབ་སྦྱོང་བྱེད་པ་དེ་ཡིན། དེ་ལས་གཞན་ཁྱིམ་བདག་གིས་ད་དུང་ཁོམ་སྐབས་བཙལ་ནས་རང་གི་བྱིས་པ་དང་མཉམ་དུ་ཕྱི་རོལ་དུ་ཁམས་གསེང་ལ་འགྲོ་བའམ་ཡང་ན་གནས་རི་འགངས་ཆེན་རྣམས་ལ་ལྟ་སྐོར་དུ་སོང་ན། བྱིས་པའི་ཤེས་རྒྱ་བསྐྱེད་ཐུབ་པར་མ་ཟད། བྱིས་པའི་ལུས་སེམས་གཉིས་ཀ་ལྷོད་ལ་བབ་ནས་ནམ་རྒྱུན་གྱི་སློབ་སྦྱོང་གི་ལས་འགན་ལྗིད་མོ་དེའང་གནས་སྐབས་སུ་བརྗེད་སྲིད།

གསུམ་པ། གཉིད་གཅོག་པ།

དགའ་དྲགས་ན་གཉིད་མི་ཁུག་པས། ཚང་མས་མཉམ་འཇོག་བྱེད་དགོས་པ་ཞིག་ནི། བྱིས་པས་གློག་རྡུལ་ཐོན་རྫས་ལ་རོལ་བའི་དུས་ཚོད་ཇེ་རིང་ནས་ཇེ་རིང་དུ་གྱུར་ཏེ་བྱིས་པ་ལ་ལས་གཉིད་ཀྱང་གཅོག་བཞིན་ཡོད། ཡང་བྱིས་པ་ལ་ལས་དགོང་མོ་གཉིད་ཁར་གློག་རྡུལ་ཐོན་རྫས་བཀོལ་ནས་རྩེད་འཇོར་རོལ་དྲག་པས་སེམས་ལ་དགའ་སྣང་དྲག་པོ་སྐྱེས་ཤིང་། མལ་དུ་ཉལ་ནའང་ད་དུང་རྩེད་འཇོའི་རྣམ་པ་དེ་ཡིད་ལ་དྲན་ནས་འགག་སྒོ་དེ་ཇི་ལྟར་བརྒལ་བར་བསམ་བློ་བཏང་ནས་ཡིད་སེམས་བདེ་ལ་འབབ་མ་ཐུབ་པས་གཉིད་ཀྱང་ཁུག་མི་ཐུབ།  དེ་ལས་གཞན་བརྡ་གཏོང་གློག་ལམ་དྲ་བའི་རིགས་ཀྱི་གློག་ཆས་ཡོད་ཚད་ལ་གློག་ཁབ་ལེན་གྱི་འཕྲོ་འགྱེད་ཡོད་པས། དེས་ལུས་ཕུང་བདེ་ཐང་ལ་གནོད་པ་གཏོང་སྲིད།

ལས་མཚམས་གྲོལ་རྗེས་རྒྱུན་དུ་བྱིས་པར་ཁ་བརྡ་བྱེད་དགོས། དགོང་ཟས་ཟོས་རྗེས་བྱིས་པ་དང་མཉམ་དུ་ཕྱི་རོལ་དུ་འཆམ་འཆམ་ལ་སོང་ནས་བྱིས་པར་སེམས་གཏམ་བཤད་པའམ་ཡང་ན་བྱིས་པ་དང་མཉམ་དུ་བརྙན་འཕྲིན་ལ་བལྟས་ནས་དགའ་དགའ་སྤྲོ་སྤྲོ་བྱེད་པ་ལས། རྒྱུན་དུ་སློབ་སྦྱོང་ལ་འབད་པ་བྱེད་དགོས་ཚུལ་དང་སྔ་མོར་ཉལ་དགོས་ཚུལ་སོགས་ཁ་ནས་ཆུ་བཞུར་བཞུར་བྱེད་མི་འོས། །

ལོ་ཙཱ་བ། འབྲུག་མོ།