ཐུམ་འབུའི་ནད་སྔོན་འགོག་བྱེད་པར་བྱིས་པ་ནས་མགོ་རྩོམ་དགོས།
2018.10.23 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 43

རང་བྱུང་ཁོར་ཡུག་དང་། དཔལ་འབྱོར་འཕེལ་རྒྱས། ཐོན་སྐྱེད་དང་འཚོ་བའི་རྣམ་པ་སོགས་ཀྱི་གྲུབ་ཆའི་ཤུགས་རྐྱེན་ཐེབས་པ་དང་། རང་ཞིང་གི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་ཡོངས་ཁྱབ་ཀྱིས་རིམས་ནད་སྔོན་འགོག་ཤེས་བྱ་དང་རང་སྲུང་འདུ་ཤེས་ཞན་ལ། ལྷག་པར་དུ་བུད་མེད་དང་བྱིས་པ་ལ་དེ་བས་ཀྱང་ཐུམ་འབུའི་ནད་འབྱུང་སླ། ཐུམ་འབུའི་ནད་ཕོག་མཁན་རྣམས་ལ་ཐོག་མའི་དུས་སུ་ཚོར་བ་དང་ནད་རྟགས་ཅི་ཡང་མེད། གལ་ཏེ་དུས་ཐོག་ཏུ་ནད་བཅོས་མ་བྱས་པ་དང་། ནད་བཅོས་གོ་སྐབས་ཆེས་བཟང་པོ་དམ་འཛིན་བྱེད་མ་ཐུབ་ཚེ་ལུས་པོར་གནོད་འཚེ་ཚབས་ཆེན་ཐེབས་པ་དང་། ཐ་ན་ཚེ་སྲོག་ལའང་ཉེན་ཁ་ཡོད།

ཐུམ་འབུའི་ནད་སྔོན་འགོག་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བས་བྱིས་པ་ནས་འཛིན་དགོས།

གསོ་རིག་ཆེད་མཁས་པས་ངོ་སྤྲོད་བྱས་པ་ལྟར་ན། ཐུམ་འབུའི་ནད་ནི་མི་རྣམས་ཀྱིས་འབུ་སྒོང་གིས་བསླད་པའི་ཆུའམ་ཟས་རིགས་ཟོས་པར་བརྟེན་ནས་བྱུང་བ་རེད། དེ་ལ་སྣོད་དབྱིབས་ཐུམ་འབུའི་ནད་དང་ལྦུ་བའི་དབྱིབས་ཀྱི་ཐུམ་འབུའི་ནད་བཅས་རིགས་གཉིས་སུ་དབྱེ་ཞིང་། ལྦུ་དབྱིབས་ཐུམ་འབུའི་ནད་ལྷག་ཏུ་ཚབས་ཆེ།

བྱིས་པ་རྣམས་ཁྱི་དང་ལྷན་དུ་རྩེ་རྒྱུར་དགའ་བར་མ་ཟད། ཆུ་རྩེད་བྱེད་རྒྱུར་ཡང་དགའ། རྩེད་མོའི་རྗེས་སུ་ཆུ་གཙང་མས་ལག་པ་མ་བཀྲུས་པར་ཟ་མ་ཟོས་པས་ཐུམ་འབུའི་སྒོ་ང་ཟོས་ཡོད་ལས་ཆེ། བུད་མེད་ཀྱིས་ཁ་ཟས་གཡོ་བསྐོལ་བྱེད་པ་དང་ལྭ་བ་བཀྲུ་བ། ཁྱིམ་ལས་ལས་སྐབས་ཁྱི་དང་ཁྱི་སྐྱག་གིས་བསླད་པའི་ཆུ་དང་རྩྭ་ལ་རེག་པས་ཀྱང་ཐུམ་འབུའི་ནད་འབྱུང་སླ། མི་དང་མིའི་བར་ལ་ཐུམ་འབུའི་ནད་མི་འགོ་བ་དང་། རྒྱུད་པའང་འདེད་རྒྱུ་མེད།

ནོར་ལུག་གིས་ཐུམ་འབུའི་སྒོ་ང་ཟོས་རྗེས་ཐུམ་འབུའི་ནད་འབྱུང་བ་རེད། ཁྱིམ་ཚང་གིས་ནོར་ལུག་བཤས་རྗེས་ནང་ཁྲོལ་ཁྱི་ལ་སྟེར་མི་རུང་། སྒོ་ཁྱི་ངེས་པར་བཏགས་ནས་གསོ་དགོས། གཏན་འཁེལ་དུས་ཚོད་ནང་ཁྱིའི་ལུས་སྟེང་གི་འབུ་འདེད་དགོས་པར་མ་ཟད། ཁྱི་སྐྱག་མེད་པར་བཟོ་དགོས། ཁྱི་ཡིས་མི་ལ་ལྡག་ཏུ་འཇུག་མི་རུང་། ཤ་རློན་གྱིས་མི་ལ་ཐུམ་འབུའི་ནད་མི་འབྱུང་མོད། འོན་ཀྱང་ཤ་རློན་ནང་དུ་འབུ་སྒོང་ཡོད་ན་ཐུམ་འབུའི་ནད་འབྱུང་སྲིད། ང་ཚོས་ཤ་བཟའ་སྐབས་ཤ་རློན་བཙོས་རྗེས་ད་གཟོད་བཟའ་འོས། ཐུམ་འབུའི་ནད་འགོས་ཁྱབ་ཆེ་བའི་ས་ཁུལ་ལ་གཏན་ནས་སླེབས་མ་མྱོང་བའི་མི་རྣམས་ཀྱིས་གལ་ཏེ་ཐུམ་འབུའི་ནད་འགོས་ཁྱབ་ཆེ་བའི་ས་ཁུལ་གྱི་ཁྱི་དང་། བལ་ལྤགས་ཐོན་རྫས་ལ་རེག་པ་ན། དེ་དག་གི་སྟེང་ཐུམ་འབུའི་སྒོ་ང་ཡོད་ཚེ་མི་རྣམས་ལ་ནད་འབྱུང་དུ་འཇུག་སྲིད།

རྩོམ་སྒྲིག་པ། འབྲུག་མོ།