ད་ལོའི་ཚུན་དུ། ཞིང་ཆེན་ཚན་རྩལ་ཐིང་གིས་ཚན་རྩལ་འགག་གཏོར་ལ་རམ་འདེགས་བྱེད་ཤུགས་ཇེ་ཆེར་བཏང་ནས། ལོ་ཧྲིལ་པོར་ཞིང་ཆེན་ཚན་རྩལ་ཐིང་གི་འཆར་གཞིའི་ཁྲོད་ཐུམ་འབུའི་ནད་འགོག་བཅོས་ལ་རྒྱབ་སྐྱོར་བྱེད་པའི་ལས་གཞི་ལྔ་བཙུགས་པ་དང་།ཚན་རྩལ་རྒྱབ་སྐྱོར་གྱི་འགྲོ་གྲོན་སྒོར་སྒོར་ས་ཡ་གཉིས་དང་འབུམ་གཅིག་ཙམ་བཏང་ནས། འབྲེལ་ཡོད་ཀྱི་ཚན་རྩལ་ཞིབ་འཇུག་ལས་ཁུངས་ལ་རམ་འདེགས་བྱེད་པ་དང་། གནད་འགག་ལག་རྩལ་གྱི་ཞིབ་འཇུག་དང་བཀོལ་སྤྱོད་ལ་ཤུགས་སྣོན་བྱེད་པ། ཚན་རྩལ་གསར་སྐྲུན་གྱི་མ་ལག་འཐུས་ཚང་དུ་གཏོང་བ། ཐུམ་འབུའི་ནད་ཀྱི་ཚན་རྩལ་གསར་སྐྲུན་དཔུང་སྡེ་སྐྱེད་སྲིང་བྱེད་པ་བཅས་ཀྱི་ཐད་ནས་གྲུབ་འབྲས་བཟང་པོ་ཐོབ།
ཆེད་དམིགས་ལས་གཞི་བཙུགས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་ནད་ཐོག་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་གི་ལག་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ལེགས་ཆ་གཞི་རིམ་དུ་གཅིག་བསྡུས་ཀྱིས་བསྒྱུར་བ་དང་ཁྱབ་གདལ་དང་བཀོལ་སྤྱོད་བྱེད་པར་མཉམ་སྡེབ་བྱས་ཏེ།མཚོ་སྔོན་ཞིང་ཆེན་ཐུམ་འབུའི་ནད་པའི་ཆ་འཕྲིན་ཅན་ལ་དུས་ནམ་ཡང་འཚམས་འདྲི་དོ་དམ་བྱེད་པའི་མ་ལག་བཙུགས། མཐོ་སྒང་གི་ཐུམ་འབུའི་ནད་ཀྱི་སྐྱེ་དངོས་མ་དཔེ་དཔེ་མཛོད་བཙུགས་ཤིང་འཐུས་ཚང་དུ་བཏང་སྟེ། གཞི་རིམ་གྱི་ཐུམ་འབུའི་ནད་སྔོན་འགོག་དང་སྨན་བཅོས་བྱེད་པའི་ཆུ་ཚད་དང་ཞབས་ཞུ་ནུས་པ་ནུས་ལྡན་སྒོས་ཇེ་མཐོར་བཏང་།
ཐུམ་འབུའི་ནད་སྔོན་འགོག་གི་སྔ་དུས་ནད་བརྟག་བྱེད་ཐབས་སྣ་རྐྱང་ཡིན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། རྨང་གཞི་ཞིབ་འཇུག་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། ཐུམ་འབུའི་ནད་ཀྱི་ནད་བརྟག་གསར་སྐྲུན་བྱེད་པ་དང་སྨན་རྫས་འདེམས་པ། འགོག་སྨན་ཞིབ་འཇུག་སྦྱོར་བཟོ་བྱེད་པར་ཤུགས་སྣོན་བྱས། དུས་མཉམ་དུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སོགས་གཞི་རིམ་སྨན་ཁང་མང་པོ་ཞིག་གིས་ནད་པ་བརྒྱ་དང་ལྔ་བཅུ་ཙམ་ལ་ཡུལ་གཏོགས་ཅན་གྱི་སྨན་བཅོས་དང་ཚད་ལྡན་ཅན་གྱི་གཤག་བཅོས་བྱས་ཏེ། གཞི་རིམ་གྱི་ཐུམ་འབུའི་ནད་ཕྱི་བཅོས་ཀྱི་ཆུ་ཚད་དང་ནུས་པ་ཆེས་ཆེར་མཐོར་འདེགས་བཏང་། རྒྱང་བསྟེན་ནད་བརྟག་གི་ལག་རྩལ་སྟེགས་བུ་བརྒྱུད་ནས་ཐུམ་འབུའི་ནད་པ་ལྗིད་མོ་སུམ་ཅུ་ལྷག་གི་ནད་བགྲོ་གླེང་བྱས་ཤིང་། སྨན་བཅོས་མི་སྣ་དང་ལག་རྩལ་པ་བརྒྱ་དང་ལྔ་བཅུ་གསོ་སྦྱོང་བྱས། །
རྩོམ་སྒྲིག་པ། འབྲུག་མོ།