ཡུས་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་གི་ཐུམ་འབུའི་ནད་སྨན་བཅོས་བྱེད་པའི་ཆུ་ཚད་སྔར་བས་ཇེ་མཐོར་གཏོང་ཆེད། ཉེ་ལམ། སྨན་ཁང་དེས་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་དང་མཉམ་དུ་ཐུམ་འབུའི་ནད་བྱུང་བའི་ནད་པར་སྨན་བཅོས་སྲོག་སྐྱོབ་བྱེད་པའི་བྱ་འགུལ་སྤེལ། དེའི་དམིགས་ཡུལ་ནི་ཐེངས་འདིར་སྤེལ་བའི་བྱ་འགུལ་བརྒྱུད་ནས་ཐུམ་འབུའི་ནད་ལ་སྨན་བཅོས་བྱས་ཏེ། ཐུམ་འབུའི་ནད་པའི་གཤགས་བཅོས་སྔར་བས་ཚད་ལྡན་དུ་གཏོང་བ་དང་ས་ཁུལ་གྱི་ཐུམ་འབུའི་ནད་སྨན་བཅོས་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་དེ་རེད།
དུས་ཡུན་རིང་པོ་ཞིག་ལ། ཐུམ་འབུའི་ནད་ནི་འབྲོག་ཁུལ་དུ་འབྱུང་ཚད་མཐོ་བའི་ནད་དང་ས་གནས་རང་བཞིན་གྱི་ནད་དུ་གྱུར་ཡོད་པའི་རྐྱེན་གྱིས། ས་ཁུལ་དེ་དག་གི་མང་ཚོགས་རྣམས་ནད་ཀྱི་དབང་གིས་དབུལ་པོར་གྱུར་པ་དང་ནད་ཀྱི་དབང་གིས་ཡང་བསྐྱར་དབུལ་པོར་འགྱུར་པའི་རྒྱུ་རྐྱེན་གཙོ་བོའི་གྲས་ཀྱི་གཅིག་རེད། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གིས་ཡུས་ཤུལ་ཁུལ་དུ་ཐུམ་འབུའི་ནད་རྒྱུག་ཆེ་བའི་གནས་ཚུལ་ལ་གཞིགས་ནས། སྔོན་འགོག་ཤུགས་ཚད་ཇེ་ཆེར་བཏང་། ཡུས་ཤུལ་ཁུལ་མི་དམངས་སྨན་ཁང་དུ་ཡུས་ཤུལ་ཁུལ་ཐུམ་འབུའི་ནད་ནད་ཐོག་ངོས་འཛིན་སྨན་བཅོས་ཀྱི་རྟེན་གཞི་བཙུགས་པར་མ་ཟད། མཁྲེགས་ཆས་གཏོང་འཇོག་ཇེ་ཆེར་བཏང་།
ཉེ་སྔོན། སྨན་ཁང་དེ་དང་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་གཉིས་ཀྱིས་ཐུམ་འབུའི་ནད་དང་མོ་ནད་སོགས་ཀྱི་བསླབ་ཚན་འཛུགས་སྐྲུན་ཐད་དུ་བཞུགས་མོལ་བརྗེ་རེས་བྱས་པ་དང་། ཕྱོགས་གཉིས་ཀྱིས་བགྲོ་གླེང་དང་གྲོས་བསྡུར་གཏིང་ཟབ་ཏུ་བྱས་པ་བརྒྱུད། ཡུས་ཤུལ་ཁུལ་མི་དམངས་སྨན་ཁང་དུ་ཐུམ་འབུའི་ནད་ཀྱི་བསླབ་ཚན་འཛུགས་སྐྲུན་དང་འཇོན་མི་གསོ་སྐྱོང་། ཚན་རིག་ཞིབ་འཇུག་མཉམ་ལས་བྱེད་པ་སོགས་ཀྱི་ཕྱོགས་ནས་མོས་མཐུན་བྱུང་།
རྒྱུས་ལོན་པ་ལྟར་ན། མིག་སྔའི་བར་དུ། ཐེངས་འདིར་མཉམ་འབྲེལ་བྱས་ནས་སྤེལ་བའི་ཐུམ་འབུའི་ནད་བྱུང་བའི་ནད་པ་སྐྱོབ་པའི་བྱ་འགུལ་ཁྲོད་རིམ་བསགས་ཀྱིས་ནད་པ་བཅོ་བརྒྱད་ལ་གཤགས་བཅོས་བྱས་ཤིང་། ནད་པ་ཚང་མ་རིན་མེད་སྨན་བཅོས་ཀྱི་ལས་གཞིའི་གྲས་སུ་ཚུད། །
རྩོམ་སྒྲིག་པ། འབྲུག་མོ།