བྱིས་པར་ནུ་མ་བསྣུན་མཚམས་འཇོག་པའི་སྐབས་སུ་ངེས་པར་ཤེས་དགོས་པའི་སྐོར།
2018.10.31 ཁུངས། མཚོ་སྔོ་་གསར་འགྱུར་དྲ་བ། ཀློག་གྲངས། 48

ནུ་མ་བསྣུན་མཚམས་འཇོག་པ་དེ་བྱིས་པ་འཚར་ལོངས་འབྱུང་བའི་གོ་རིམ་ཁྲོད་ངེས་པར་བརྒྱུད་དགོས་པའི་དཀྱོག་མཚམས་ཤིག་ཡིན། གལ་ཏེ་ནུ་མ་བསྣུན་མཚམས་བཞག་པ་འོས་འཚམ་མིན་ཚེ། བྱིས་པའི་ལུས་སེམས་གཉིས་ཀར་གནོད་པ་ཐེབས་ནས་ལག་ཆགས་པར་འགལ་རྐྱེན་བཟོ་སྲིད། དེ་བས་གཤམ་གྱི་ནོར་འཁྲུལ་གྱི་ལྟ་ཚུལ་འདི་དག་ངེས་པར་དུ་སེལ་དགོས་དེ།

གཅིག བྱིས་པར་སོ་སྐྱེས་ཚེ་ངེས་པར་དུ་ནུ་མ་བསྣུན་མཚམས་འཇོག་དགོས་པར་འདོད་པ།

བུད་མེད་ལ་ལ་ཞིག་གིས་བྱིས་པར་སོ་སྐྱེས་ཚེ། བྱིས་པས་རང་གི་ནུ་མགོར་སོ་འདེབས་པར་དོགས་ནས་ནུ་མ་བསྣུན་མཚམས་འཇོག་དགོས་པར་འདོད་ལ། དོན་དངོས་སུ་དེ་ལྟར་མིན་སྟེ། ནུ་མ་བསྣུན་སྟངས་ཡང་དག་ཡིན་ན་བྱིས་པས་སོ་འདེབས་མི་སྲིད།

གཉིས། ནུ་མ་བསྣུན་མཚམས་འཇོག་པའི་སྐབས་སུ་འོ་མའི་དྲི་མ་བསྒྱུར་བ།

བུད་མེད་ཁ་ཤས་ཤིག་གིས་གཞན་གྱི་ཁར་ཉན་ནས། ནུ་མ་བསྣུན་མཚམས་འཇོག་འདོད་པའི་སྐབས་སུ། ནུ་མགོར་དྭངས་བསིལ་སྣུམ(清凉油)སོགས་དྲི་མ་ཆེ་བའི་སྨན་རྫས་རིགས་བསྐུས་ན། བྱིས་པ་ནུ་མར་སུན་སྣང་སྐྱེས་ཏེ་ནུ་མི་འདོད་པའི་སྣང་ཚུལ་འབྱུང་བར་འདོད་པ་དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པས། དེ་ལྟར་གཏན་ནས་བྱེད་མི་རུང་ལ། གལ་ཏེ་དེ་ལྟར་བྱས་ཚེ། བྱིས་པའི་སེམས་ཁམས་ལ་སྐྲག་སྣང་འབྱུང་སྲིད་པར་མ་ཟད། ཟས་རིགས་གཞན་པའང་ཟ་འདོད་ཡི་ག་མེད་པར་འགྱུར་སྲིད།

གསུམ། ནུ་མ་བསྣུན་མཚམས་འཇོག་པའི་སྐབས་སུ་བྱིས་པ་གནས་གཞན་དུ་བསྐྱལ་བ།

བུད་མེད་མང་པོ་ཞིག་གིས་བྱིས་པར་ནུ་མ་བསྣུན་མཚམས་འཇོག་པའི་སྐབས་སུ། བྱིས་པ་ཕྱིར་རང་གི་ཕ་ཡུལ་འམ་་ཡང་ན་གནས་གཞན་དུ་བསྐྱལ་བཞིན་ཡོད། ཁོ་མོ་ཚོའི་བསམ་པར་ཨ་མ་དང་བྱིས་པ་གཉིས་ཡུན་རིང་པོར་ཁ་བཀར་ཚེ། བྱིས་པའི་རང་ཤུགས་ཀྱིས་ནུ་མ་བརྗེད་འགྲོ་བར་བསམས་བཞིན་ཡོད། དེ་ལྟར་ཡང་བྱེད་མི་རུང་སྟེ། བྱིས་པ་སྐྱེས་མ་ཐག་ནས་ཨ་མའི་དྲོད་ཁོལ་དང་ཁ་བྲལ་མ་མྱོང་བས། གློ་བུར་དུ་དུས་ཡུན་རིང་པོར་མ་བུ་ཁ་བཀར་ན་ཨ་མ་དང་ཨ་མའི་ནུ་མར་བསྟེན་ལོབས་སུ་སོང་བའི་བྱིས་པའི་སེམས་ཁམས་འཁྲུགས་ནས་དྲག་ཏུ་ངུ་བ་དང་། གཉིད་མི་ཡོང་བ་བཅས་བྱེད་པས། བྱིས་པའི་འཚར་ལོངས་ལ་གནོད་པ་འབྱུང་ངེས།

བཞི། ནུ་མ་བསྣུན་མཚམས་བཞག་རྗེས་ཡང་བསྐྱར་བསྣུན་པ།

བུད་མེད་ལ་ལས་བྱིས་པའི་ངུ་ཁ་མ་ཆོད་ཚེ་ནུ་མ་བསྣུན་མཚམས་བཞག་རྗེས་ཡང་བསྐྱར་བསྣུན་བཞིན་འདུག དེ་ལྟར་བྱས་ཚེ་བྱིས་པའི་སེམས་ཁམས་དེ་ནམ་ཡང་བདེ་ལ་འབབ་མི་ཐུབ་ཅིང་། མཚན་མོར་སྐྲག་སྣང་འབྱུང་བ། ཟས་ཟ་འདོད་མེད་པ་སོགས་ཀྱི་སྣང་ཚུལ་བྱུང་ནས་ནུ་མ་བསྣུན་མཚམས་འཇོག་དཀའ་བར་འགྱུར་སྲིད།

ང་ཚོའི་བུད་མེད་རྣམས་ཀྱིས་བྱིས་པར་ནུ་མ་བསྣུན་མཚམས་འཇོག་པར་དེ་འདྲའི་འཚབ་སྣང་སྐྱེས་མི་དགོས་པ་ཡིན། བྱིས་པར་ཨ་མའི་ནུ་མ་ལས་གཞན་པའི་ཟས་རིགས་ལ་སྤྲོ་སྣང་ཆེ་བའི་སྐབས་སུ། ང་ཚོས་བྱིས་པར་ཟས་རིགས་སྣ་ཚོགས་རིམ་གྱིས་སྟེར་མགོ་བརྩམས་ནས། ཉུང་ཉུང་ནས་ཇེ་མང་དང་སྙི་མོ་ནས་སྲ་མོའི་སྐོར་ལོབས་སུ་བཅུག་ན། ནུ་མ་བསྣུན་མཚམས་རང་ཤུགས་ཀྱིས་ཆད་འགྲོ་བ་ཡིན།

ལྔ། སེམས་ཐག་ཆོད་པས་ནུ་མ་བསྣུན་མཚམས་རྦད་དེ་འཇོག་པ།

ནུ་མ་བསྣུན་མཚམས་འཇོག་འདོད་པའི་སྐབས་སུ། ཐོག་མར་ནུ་མ་བསྣུན་ཚད་ཇེ་ཉུང་དུ་བཏང་ནས་རིམ་གྱིས་མཚམས་འཇོག་པ་ལས་དེ་མ་ཐག་རྦད་དེ་གཅོད་མི་རུང་།

དྲུག བྱིས་པར་ན་བ་བྱུང་བའི་སྐབས་སུ་ནུ་མ་བསྣུན་མཚམས་འཇོག་པ།

ནུ་མ་བསྣུན་མཚམས་འཇོག་ན་བྱིས་པའི་ལུས་ཁམས་དང་སེམས་ཁམས་ཧ་ཅང་དྭངས་ཡོད་པའི་སྐབས་སུ་འཇོག་དགོས་པ་མ་གཏོགས། བྱིས་པར་ན་བ་བྱུང་བའི་སྐབས་སུ་གཏན་ནས་འཇོག་མི་རུང་། བྱིས་པར་ན་བ་བྱུང་བའི་སྐབས་སུ་བྱིས་པའི་ལུས་སྟེང་གི་རིམས་འགོག་ནུས་ཤུགས་ཅུང་ཟད་ཞན་པར་མ་ཟད། ན་བ་བྱུང་བ་ལས་སེམས་ཁམས་མི་སྐྱིད་པས། སྐབས་དེར་ནུ་མ་བསྣུན་མཚམས་བཞག་ན་བྱིས་པའི་ཟས་ཀྱི་ཡི་ག་ཆད་ཅིང་ནད་བབ་ཇེ་སྡུག་ཏུ་འགྱུར་འགྲོ།

བདུན། ནུ་མ་བསྣུན་མཚམས་འཇོག་པའི་བྱ་བ་དེ་ཕ་ལ་འབྲེལ་བ་ཅི་ཡང་མེད་པར་འདོད་པ།

མི་རྣམས་ཀྱི་སེམས་སུ་བྱིས་པར་ནུ་མ་བསྣུན་མཚམས་འཇོག་པ་དེ་མ་བུའི་བར་གྱི་བྱ་བ་ཞིག་ཡིན་པ་ལས། ཨ་ཕར་འབྲེལ་བ་སྤུ་ཙམ་ཡང་མེད་པར་འདོད་ཀྱིན་ཡོད། དོན་དངོས་སུ་དེ་ནི་ཕ་མ་གཉིས་ཀའི་འགན་ཁུར་ཡིན་པས། ནུ་མ་བསྣུན་མཚམས་འཇོག་འདོད་པའི་སྐབས་སུ། ཨ་མས་བསམ་གཟས་ནས་བྱིས་པ་དང་ཅུང་རྒྱང་བཀྱེད་དེ་ཨ་ཕར་བདག་སྐྱོང་བྱེད་དུ་འཇུག་དགོས། དེ་ལྟར་བྱས་ན་བྱིས་པའི་ཨ་མར་བསྟེན་ལོབས་སུ་གྱུར་བའི་གོམས་གཤིས་དེ་རིམ་གྱིས་ཇེ་ཉུང་དུ་འགྱུར་ཐུབ་པ་ཡིན།

བརྒྱད། ནུ་མ་བསྣུན་མཚམས་བཞག་རྗེས་ནུ་མར་བདག་སྐྱོང་བྱེད་དགོས།

ན་ཆུང་གི་ཨ་མ་མང་པོ་ཞིག་གིས་ནུ་མ་བསྣུན་མཚམས་བཞག་རྗེས་ནུ་མར་བདག་སྐྱོང་བཟང་པོ་བྱེད་དགོས་པ་ཤེས་ཀྱིན་མེད། ནུ་མ་བསྣུན་མཚམས་འཇོག་པའི་གོ་རིམ་ཁྲོད་ངེས་པར་དུ་ནུ་མའི་གཙང་སྦྲར་དོ་སྣང་བྱས་ནས་ནུ་མའི་གཉན་ཚད་སོགས་ནད་རིགས་འབྱུང་བར་སྔོན་འགོག་བྱེད་དགོས། །

ལོ་ཙཱ་བ། འབྲུག་མོ།