བདེ་ཐང་ལ་གནོད་པའི་བཟའ་བཏུང་གི་གོམས་གཤིས་གང་དག་ཡོད་དམ།
2018.11.13 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 73

སྤྲོ་སྣང་ལྡན་པའི་སྒོ་ནས་ཟས་རིགས་ལོངས་སུ་སྤྱོད་པ་ནི་མི་སེམས་སྐྱིད་ལ་འགོད་པའི་དོན་དག་ཅིག་ཡིན་རུང་། དེང་སྐབས་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ནི་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པས། བཟའ་བཏུང་ལོངས་སུ་སྤྱོད་པར་ཡང་འགྱུར་བ་འབྱུང་གིན་ཡོད། དུས་མཚུངས་སུ་བཟའ་བཏུང་གི་གོམས་གཤིས་ངན་པས་ང་ཚོའི་བདེ་ཐང་ལ་གནོད་པ་གཏོང་ངེས།

ཆུ་འཐུང་བ་ཉུང་དྲགས་ན་ལུས་ཕུང་ལ་གནོད་པ་ཆེ། ཆུ་འཐུང་བ་ཉུང་དྲགས་ན་མཁལ་མའི་རྙིང་ཚབ་གསར་བརྗེའི་བྱེད་ནུས་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པར་མ་ཟད། ཀླད་སྙིང་ཁྲག་རྩའི་ནད་རིགས་འབྱུང་སླ་བས། ཆུ་མང་པོ་འཐུང་བར་གོམས་དགོས།

ཟ་མ་བཟའ་སྐབས་སེམས་པ་རྩེ་གཅིག་ཏུ་གཞོལ་དགོས། དུས་རྒྱུན་མི་མང་པོ་ཞིག་གིས་བརྙན་འཕྲིན་ལ་ལྟ་ཞོར་ཟ་མ་བཟའ་བར་གོམས་ཡོད། བརྙན་འཕྲིན་ལ་ལྟ་དུས་ཟ་མ་ཟོས་ན་སེམས་པ་བརྙན་འཕྲིན་ནང་འཁོར་གྱིན་ཡོད་པས་ཟ་མ་བཟའ་ཚད་ཚོད་འཛིན་བྱེད་དཀའ་བ་ཞིག་རེད། བརྟག་དཔྱད་ཞིབ་འཇུག་ལས་མངོན་པ་ལྟར་ན། གལ་ཏེ་བརྙན་འཕྲིན་ལ་ལྟ་ཞོར་ཟ་མ་ཟོས་ན། ཟ་མ་བཟའ་ཚད20%~60%སླེབས་ཀྱིན་ཡོད་པས། ཟ་མ་བཟའ་དུས་བློ་རིག་སྒྲིམ་དགོས་ལ། ཟ་མའི་ཚད་བཟུང་ནས་སྔོ་ཚལ་གྱི་རིགས་ཟོས་ན་ལུས་ཕུང་བདེ་ཐང་ཡོང་བར་ཕན།

ཡིད་མུག་པའི་སྒོ་ནས་ཟ་མ་བཟའ་བ། སེམས་ཁམས་མི་སྐྱིད་པའི་སྒོ་ནས་ཟ་མ་ཟོས་ན། སྐྱུག་ལངས་པའམ་ཡང་ན་ལུས་པོ་ཇེ་ལྗིད་དུ་འགྲོ་བཞིན་ཡོད་པས། ཟ་མ་མ་ཟོས་གོང་སེམས་ཁམས་སྙོམ་སྒྲིག་བྱ་རྒྱུ་ནི་གཙོ་བོ་ཡིན། སེམས་ཁམས་སྙོམ་སྒྲིག་བྱེད་པའི་ཐབས་ལ་དཔེར་ན། འཆམ་འཆམ་དུ་འགྲོ་བ། གློག་བརྙན་ལ་བལྟ་བ། གྲོགས་པོ་ཕན་ཚུན་བར་ཁ་པར་བཏང་ནས་ཁ་བརྡ་བྱེད་པ་སོགས་ལ་འབད་ན་ལེགས།

ལྕགས་ཀྲིན་རིགས་དང་ཐུམ་བརྒྱབ་ཡོད་པའི་ཟ་མ་བཟའ་བར་དགའ་བ། ལྕགས་ཀྲིན་རིགས་དང་ཐུམ་བརྒྱབ་ཡོད་པའི་ཟ་མའི་རིགས་ཀྱི་ནང་དུ་ཚིལ་དང་མངར་ཆ། ཚྭ་རིགས་མང་པོ་འདུས་ཡོད་པས། ལྕགས་ཀྲིན་གཅིག་གི་ནང་འདུས་པའི་ཚྭ་དེ་སྤྱིར་བཏང་གི་མི་ཞིག་གི་ཉིན་ཕྱེད་ཀྱི་ཚྭ་བཟའ་ཚད་ལས་བརྒལ་ཡོད་པ་རེད། དེའི་ཕྱིར། ཟ་མ་མ་ཟོས་གོང་ཚྭ་འདུས་ཚད་ལ་བརྟག་དཔྱད་བཟང་བོ་བྱ་དགོས། ཆེད་མཁས་སྨན་པའི་བརྟག་དཔྱད་ཞིབ་འཇུག་ལས་མངོན་པ་ལྟར་ན། སིལ་ཏོག་དང་ཞོ་ཡི་རིགས་འཐུང་བར་གོམས་ན་བཟང་།

ཟ་མ་བཟའ་ཚད་མགྱོགས་པ། ཟ་མ་བཟའ་ཚད་མགྱོགས་ན་ཟས་རིགས་ཞིབ་མོར་ལྡད་དཀའ་བས་ཕོ་བའི་ནང་འཇུ་དཀའ་བར་མ་ཟད། ཕོ་བའི་བྱེད་ནུས་ལ་གནོད་པ་ཆེ། ཟས་རིགས་ལྡད་པའི་དུས་ཚོད་ཧ་ཅང་ཐུང་ན་ཚོ་གསོག་པ་ཡང་མགྱོགས། དེའི་ཕྱིར་ཟས་རིགས་ཞིབ་མོར་ལྡད་པ་དང་དལ་མོར་མིད་པའི་གོམས་སྲོལ་ཆགས་པར་འབད་ན་ལེགས།

དགོང་ཟས་རྒྱགས་ཆེ་བར་སྤྱོད་པ། ས་རུབ་ལ་ཉེ་དུས་ཉིན་གཅིག་གི་དུས་ཡུན་ནང་ཁྲག་རྒྱུན་ནང་གི་གཤེར་མའི་ཕུང་རྩིའི་འདུས་ཚད་ཆེས་མཐོ་བའི་དུས་ཡིན་པས། དགོང་མོའི་དུས་སུ་ཟས་རྒྱགས་ཆེ་བར་སྤྱོད་པ་ཡིན་ན་ཚོ་གསོག་སླ་བ་རེད། དུས་མཚུངས་སུ་ཟ་མ་བཟའ་བའི་དུས་ཡུན་རིང་དྲགས་ན་མིའི་ལུས་སྟེང་གི་སྐྱེ་དངོས་རིགས་ལ་འགྱུར་བ་བསླངས་ནས་གཉིད་མི་ཡོང་བའི་སྣང་ཚུལ་འབྱུང་གི་ཡོད། དེ་བས་དགོང་དྲོའི་དུས་སུ་ཟ་མ་སྔ་མོ་ནས་ཟོས་ན། གཅིན་ལམ་གྱི་ནད་རིགས་འབྱུང་ཚད་ཇེ་ཉུང་དུ་གཏོང་སྲིད། དགོང་ཟས་ཀྱི་སྐོར་ནས་སྔོ་ཚལ་རིགས་བསྟེན་ན་བཟང་། ལྷག་པར་སྔོ་ཚལ་གསར་བའི་རིགས་བཟའ་བ་ལས་སྤྲི་དཀར་རིགས་དང་སྣུམ་ཞག་རིགས་ཀྱི་ཟས་རིགས་ཉུང་དུ་བསྟེན་དགོས། སྤྱིར་བཏང་དུ་དགོང་ཟས་ནི་ང་ཚོའི་ཉིན་གཅིག་གི་ཟ་མའི30%ལས་མ་བརྒལ་ན་ལེགས།།

རྩོམ་སྒྲིག་པ། འབྲུག་མོ།