མགོ་ལོག་ཁུལ་ནི་རྒྱལ་ཡོངས་ཀྱི་ཐུམ་འབུའི་ནད་ཀྱི་གནོད་འཚེ་ཆེ་བའི་ས་ཁུལ་གྱི་གྲས་ཡིན་ལ། འགོས་ནད་འདིས་མགོ་ལོག་མི་དམངས་ཀྱི་འཚོ་བ་ལ་ཕྱི་ནང་གཉིས་ཐད་ནས་དཀའ་ཁག་ཅི་འདྲ་བཟོས་དང་བཟོ་བཞིན་པ་ཀུན་གྱིས་གོ་གསལ་ལྟར་རེད། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འདས་པ་དང་། ལྷག་པར་དུ་རང་རྒྱལ་གྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པར་བརྩོན་བཞིན་པའི་དེང་གི་དུས་ལ། དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པའི་སྲིད་ཇུས་རབ་དང་རིམ་པ་ནི་སྐོམ་སེལ་བདུད་རྩི་བཞིན་ས་གནས་ཀུན་ལ་ཁྱད་མེད་དུ་འབེབས་བཞིན་ཡོད་པ་དང་། དེ་ལས་མི་དམངས་ཀྱི་བདེ་ཐང་ནི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་དགོས་པའང་སྨྲོས་མེད་ཡིན་པས། མགོ་ལོག་ཁུལ་ས་གནས་ཀྱིས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་ལ་གནོད་འཚེ་གཏོང་བཞིན་པའི་ཐུམ་འབུའི་ནད་འདི་ལ་འགོག་བཅོས་དང་ཚོད་འཛིན་ག་འདྲ་བྱས་དང་བྱེད་བཞིན་པ་ནི་ཀུན་གྱིས་དོ་སྣང་བྱ་ཡུལ་གྱི་གནས་ཚུལ་ཞིག་ཏུ་གྱུར་ཡོད། ཉེ་ལམ་གསར་འགོད་པ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་དུ་སོང་ནས། རྫོང་དེའི་འབྲེལ་ཡོད་སྡེ་ཁག་ནས་ཐུམ་འབུའི་ནད་ཀྱི་འགོག་བཅོས་གནས་ཚུལ་ཅི་འདྲ་ཡིན་པའི་ཐད་རྒྱུས་ལོན་བྱས།
ཐེངས་འདིའི་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། དགའ་བདེ་རྫོང་གིས་གཙོ་བོ་བྱེད་ཕྱོགས་བཞི་ལ་བརྟེན་ནས་ཐུམ་འབུའི་ནད་ལ་འགོག་བཅོས་བྱས་ཡོད་དེ། གཅིག་ནས་རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་བསྣན་ནས་ཕྱོགས་ཡོངས་ནས་འགན་འཁྲི་གཙོ་འཁུར་བྱས་པ། 2017ལོར། དགའ་བདེ་རྫོང་གིས་རྫོང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན་གཉིས་ཀྱིས་ཚན་གཙོ་འཁུར་བའི་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཀྱི་འགག་གཏོར་མགོ་ཁྲིད་ཚན་ཁག་བཙུགས་ཤིང་། སྤྱི་ཁྱབ་ཇུས་གཞི་དང་ཡན་ལག་ཇུས་གཞི་བཞི་བཟོས་ཏེ་དཔར་དུ་བཏབ། སྔ་ཕྱིར་རྫོང་ཡོངས་ནས་ཆེད་དམིགས་བྱ་བའི་གྲོས་ཚོགས་ཐེངས་གསུམ་བསྡུས་ཏེ། རིམ་པ་སོ་སོ་ནས་དམིགས་འབེན་འོས་འགན་ཡི་གེ་ལ་མིང་རྟགས་བཀོད་པ་དང་། ཞང་དང་གྲོང་རྡལ་སོ་སོ་དང་ཆེད་དམིགས་བྱ་བའི་ཚན་ཆུང་སོ་སོར་རོགས་སྐྱོར་བྱེད་པ། རྫོང་ཡོངས་ཀྱི་མི་དམངས་ལ་ཁས་ལེན་དམ་བཅའ་འཇོག་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས། ཕྱོགས་ཡོངས་ནས་རིམ་པ་སོ་སོས་འགན་འཁྲི་གཙོ་འཁུར་བྱེད་པ་དོན་འཁྱོལ་བྱས་ཏེ། ལས་དོན་སྣ་ཚོགས་བདེ་བླག་ངང་སྤེལ་ཐུབ་པར་འགན་སྲུང་ནན་མོ་བྱས། གཉིས་ནས་དྲིལ་སྒྲོལ་སློབ་གསོ་ལ་ཤུགས་བསྣན་ནས་ཕྱོགས་ཡོངས་ནས་བསམ་བློའི་ངོས་ཟིན་ཇེ་མཐོར་བཏང་། འཕྲོད་བསྟེན་མི་སྣ་རྩ་འཛུགས་བྱས་ནས་སྡེ་བ་དང་སློབ་གྲྭ། དགོན་པ། སྡེ་ཁུལ། ལས་ཁུངས། ཁྱིམ་ཚང་། འདུ་ར། དམག་སྒར་སོགས་ལ་སོང་ནས་ཐུམ་འབུའི་ནད་ཀྱི་མཆེད་ལམ་དང་འགོག་ཐབས། སྨན་བཅོས་སྲིད་ཇུས་སོགས་ཀྱི་ཤེས་བྱ་བསྒྲགས་པ་དང་། བདེ་ཐང་སྐོར་གྱི་སློབ་ཐུན་ཐེངས་ང་ལྔ་སྤེལ། བསྡོམས་པས་མི་ཐེངས་ཉིས་སྟོང་ཉིས་བརྒྱ་ཙམ་ལས་དེར་ཞུགས་པ་དང་དྲིག་སྒྲོག་ཡིག་ཆ་ཁྲི་བརྒྱད་དང་སྟོང་དྲུག་ལྷག་བཀྲམ། མང་ཚོགས་ཁྲི་གསུམ་དང་སྟོང་བདུན་ལྷག་ལ་ཕན་ཁེ་ཐོབ་པས་དྲིལ་སྒྲོག་གི་ཁེབས་ཚད་བརྒྱ་ཆའི་གོ་བརྒྱད་དུ་སླེབས། ཐུམ་འབུའི་ནད་ཀྱི་འགོག་བཅོས་ཤེས་བྱར་རྒྱུས་ལོན་བྱས་ཚད་བརྒྱ་ཆའི་གོ་གཉིས་ སུ་སླེབས། དེ་མིན་ཁྱི་འབྲི་ཞང་དང་དགའ་བདེ་རྫོང་། དར་ལག་རྫོང་གསུམ་གྱི་ལམ་བར་དུ་མུས་གྲུ་བཞི་མ་བཞི་བཅུ་ཙམ་གྱི་དྲིལ་སྒྲོག་སྒོ་བྱང་བཅུ་དྲུག་དང་། མུས་གྲུ་བཞི་མ་གཉིས་ཙམ་གྱི་བོད་རྒྱ་སྐད་གཉིས་ཀྱི་ཐུམ་འབུའི་ནད་ཀྱི་འགོག་བཅོས་རྒྱུན་ཤེས་དྲིལ་སྒྲོག་སྒོ་བྱང་བཞི་བཅུ་ཙམ་བསླངས། རྫོང་ཁོངས་ཀྱི་གནས་སྐོར་ལམ་དང་ཞང་དང་སྡེ་བའི་གཞུང་ལམ། མཚེའུ་འགྲམ། རྩྭ་ར་སོགས་སུ་བསྡོམས་པས་མུས་ལྔ་བརྒྱ་ལོངས་པའི་འཕྲེད་བྱང་བཀལ། རྫོང་མཁར་གྱི་ཐང་ཆེན་དག་གི་བརྙན་ཡོལ་གྱི་ངོས་སུ་ཐུམ་འབུའི་ནད་ཀྱི་དྲིལ་སྒྲོག་བརྙན་འཕྲིན་བཏང་བ་དང་། རྫོང་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་དང་ཁྱི་འབྲི་ཞང་འཕྲོད་བསྟེན་ཁང་གིས་དྲིལ་སྒྲོག་གློག་བརྙན་གཉིས་བཟོས་པ་སོགས་བྱས།
གསུམ་ནས་ཕྱོགས་བསྡུས་བྱེད་ཐབས་བསྟར་བར་ཤུགས་བསྣན་ནས་མ་ལག་ཚང་བའི་སྒོ་ནས་ལས་དོན་དོན་འཁྱོལ་བྱས་པ། མང་ཚོགས་ཀྱི་བདེ་སྐྱིད་དམིགས་སུ་བཟུང་ནས། དགའ་བདེ་རྫོང་གིས་ཐུམ་འབུའི་ནད་ཀྱི་འགོག་བཅོས་བྱ་བ་དེ་དམངས་འཚོ་ལེགས་བཅོས་དང་བདེ་ཐང་དབུལ་སྐྱོར། སྐྱེ་ཁམས་འཛུགས་སྐྲུན་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ནས་ཕྱོགས་བསྡུས་བཅོས་སྐྱོང་བྱས། དེ་མིན་ཉིས་སྟོང་བཅུ་བདུན་ལོར་རྫོང་ཁོངས་ཀྱི་མི་ཁྲི་གསུམ་དང་སྟོང་བཞི་ཉིས་བརྒྱ་རེ་ལྔ་ལྷག་ལ་ཡོངས་ཁྱབ་ཞིབ་བཤེར་བྱས་ཏེ། ནད་པ་གསར་བ་བརྒྱ་དང་ཉེར་གཅིག་རྙེད་པ་དང་། ནད་པ་དོན་བཞི་ལ་བཤག་བཅོས་བྱས། ནད་པ་བརྒྱ་དང་གྱ་བཞི་ཙམ་ལ་སྨན་རྫས་ཀྱི་ཚད་ལྡན་གསོ་བཅོས་བྱས། ཉིས་སྟོང་བཅོ་བརྒྱད་ལོར་བསྡོམས་པས་མི་ལྔ་སྟོང་ཆིག་བརྒྱ་དོན་གཅིག་ལ་བསལ་བཤེར་བྱས་ཤིང་། ནད་པ་གསར་བ་ཉེར་གཉིས་རྙེད་པ་དང་ནད་པ་བརྒྱད་ལ་གཤག་བཅོས་དང་། ནད་པ་བཅུ་བདུན་ལ་སྨན་རྫས་ཀྱི་ཚད་ལྡན་གསོ་བཅོས་བྱས། དེ་མིན་གཤག་བཅོས་བྱས་རྗེས་ཀྱི་དོ་དམ་དང་ཆ་འཕྲིན་བསྡུ་ལེན་གྱི་མ་ལག་འཐུས་ཚང་དུ་བཏང་། ཁྱིམ་ཚང་དབུལ་བོ་ཉིས་བརྒྱ་དང་བཅུ་གཅིག་ལ་སྨན་བཅོས་ཞབས་ཞུ་དང་སྨན་རྫས་སྐྱེལ་བ་མི་ཐེངས་བརྒྱད་བརྒྱ་དང་ལྔ་ལ་སླེབས་པ་དང་། མ་རྩ་སྒོར་ཁྲི་གསུམ་དང་སྟོང་བརྒྱད་ཙམ་གྱི་སྨན་རྫས་རིན་མེད་དུ་བྱིན། ཐུམ་འབུའི་ནད་ཀྱི་འགོག་བཅོས་བྱ་བའི་ཕན་འབྲས་ཇེ་ལེགས་སུ་གཏོང་ཆེད། དགའ་བདེ་རྫོང་གིས་སྔ་ཕྱིར་སྨན་པ་རེ་ལྔ་ལྷག་ལ་ཟབ་སྦྱོང་བྱས་ཏེ། སྨན་བཅོས་མི་སྣའི་ཕྱོགས་བསྡུས་ནུས་པ་མཐོར་འདེགས་བཏང་། ཐུམ་འབུའི་ནད་ཀྱི་མཆེད་ཁུངས་ལ་བཅོས་སྐྱོང་བྱེད་ཆེད། གཅིག་ནས་ཁྱིའི་སྐེད་ལ་བྱང་བུ་འདོགས་པའི་བྱ་བ་མ་ལག་དང་ལྡན་པར་སྤེལ་བ་དང་། རྫོང་ཡོངས་ནས་ཁྱི་དྲུག་སྟོང་ལྷག་གི་སྐེད་ལ་བྱང་བུ་བཏགས་པ་དང་། ཁྱི་རོ་ཉེར་བདུན་ཙམ་ལ་གནོད་མེད་ཐག་གཅོད་བྱས། ཁྱི་ལྡོམ་སུམ་སྟོང་བརྒྱད་བརྒྱ་རེ་གཉིས་འཛིན་བཟུང་བྱས། ཁྱི་དྲུག་སྟོང་དགུ་བརྒྱ་བཅུ་གཉིས་ཀྱི་ནད་འབུ་བསལ་བ་དང་། ཁྱི་སྐྱག་ཡོད་ཚད་ལ་འབུ་སེལ་ཐག་གཅོད་བྱས། རྫོང་ཡོངས་ནས་ཁྱི་སྐྱག་གནོད་མེད་ཐག་གཅོད་བྱེད་ས་བརྒྱ་བཙུགས་ཏེ་བསྐྱར་དུ་འགོས་ཁྱབ་མི་འབྱུང་བར་བྱས། ལུ་གུའི་ཁྲག་ལ་བརྟག་དཔྱད་བྱས་ཏེ་རིམས་འགོག་གི་ཚད་གཞི་དང་མཐུན་པའི་ཚད་བརྒྱ་ཆའི་གོ་དྲུག་ལ་སླེབས། གཉིས་ནས་ཆུ་མགོར་སྲུང་སྐྱོབ་བྱས་ཏེ། 《དགའ་བདེ་རྫོང་ཆུ་བེད་དབུལ་སྐྱོར་ཆེད་དམིགས་འཆར་འགོད》བཟོས་པ་དང་། རྫོང་ཡོངས་ཀྱི་སྡེ་བ་སོ་དྲུག་གི་མི་ཁྲི་གཅིག་དང་སྟོང་བཞི་ལྔ་བརྒྱ་ཞེ་གསུམ་གྱི་འཐུང་ཆུའི་བདེ་འཇགས་གནས་བབ་ལེགས་སྒྱུར་བྱས། དབུལ་ཕོངས་སྡེ་བ་བཅུ་གཙོ་གནད་དུ་བཟུང་སྟེ་འཐུང་ཆུའི་བདེ་འཇགས་ལེགས་བཅོས་བྱས་པ་སོགས་ལས། ཁྱིམ་ཚང་ཉིས་སྟོང་བརྒྱད་བརྒྱ་དོན་ལྔ་ཡི་མི་ཆིག་ཁྲི་ཆིག་སྟོང་ལྔ་བརྒྱ་བདུན་ཙམ་ལ་ཕན་ཁེ་ཐོབ། ཐུམ་འབུའི་ནད་ཀྱི་འགོག་བཅོས་ལས་དོན་དེ་དག་བདེ་བླང་ངང་འགྲུབ་ཆེད། དགའ་བདེ་རྫོང་གིས་ཉིས་སྟོང་བཅུ་བདུན་ལོར་བསྡོམས་པས་མ་དངུལ་སྒོར་ས་ཡ་གསུམ་བཏང་ནས། ཐུམ་འབུའི་ནད་པར་བརྟག་དཔྱད་དང་རོགས་སྐྱོར། གསོ་བཅོས་བཅས་ཀྱི་དགོས་མཁོ་ཅི་ཡོད་སྐོང་ཐུབ་པར་ཁག་ཐེག་བྱས།
བཞི་ནས་མཉམ་ལས་བརྗེ་རེས་ལ་ཤུགས་བསྣན་ནས་ཕྱོགས་ཡོངས་ནས་འགོག་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་། དགའ་བདེ་རྫོང་གིས་རང་ས་གནས་ཀྱི་སྨན་བཅོས་ལག་རྩལ་གྱི་ཞན་ཆར་ཁ་གསབ་དང་ཐུམ་འབུའི་ནད་ཀྱི་འགོག་བཅོས་ནུས་པ་མཐོར་འདེགས་གཏོང་ཆེད། ཧུར་ཐག་གིས་ཞིང་ཆེན་དང་གྲོང་ཁྱེར་གཞན་ལ་མཐུན་སྦྱོར་བྱས་ཏེ། ཞིང་ཆེན་མི་དམངས་སྨན་ཁང་དང《མཚོ་སྔོན་གྱི་ཞིང་ཆེན་རིམ་པའི་མངའ་ཁོངས་ཀྱི་སྨན་བཅོས་མཉམ་འབྲེལ་གྲོས་ཆིངས》དང《ཐུམ་འབུའི་ནད་ཀྱི་གནད་ཁེལ་སྨན་བཅོས་དབུལ་སྐྱོར་གྲོས་ཆིངས》གཉིས་བཞག་པ་དང་། འགོག་བཅོས་བྱེད་ཐབས་གསར་བ་འཚོལ་ཞིབ་བྱས། དེ་མིན་ཧྲང་ཧའེ་གྲོང་ཁྱེར་དང་ཧྲིན་དབྱང་གྲོང་ཁྱེར། མཚོ་ལྷོ་ཁུལ་སོགས་དང་མཐུན་སྦྱོར་གྱིས་རྫོང་རང་གི་སྨན་བཅོས་སྡེ་ཁག་དང་ཁ་གཏད་རོགས་སྐྱོར་གྱི་འབྲེལ་ལམ་བཙུགས་པ་དང་། 《2017ལོར་ཧྲང་ཧའེ་གྲོང་ཁྱེར་ཁྲང་ཉིང་ཁུལ་གྱིས་དགའ་བདེ་རྫོང་གི་འཕྲོད་བསྟེན་སྡེ་ཁག་ཁ་གཏད་རོགས་སྐྱོར་བྱེད་པ་ལས་འཇོན་མི་བསྐྱེད་བསྲིང་གི་ཇུས་གཞི》ཞེས་པ་བཟོས་ཏེ། སྨན་པ་བཞི་ཧྲང་ཧའེ་ཐུང་རིན་སྨན་ཁང་ལ་སློབ་སྦྱོང་དུ་མངགས།
དུས་མཚུངས་སུ། ས་གནས་ཀྱི་ཐུམ་འབུའི་ནད་ཀྱི་འགོག་བཅོས་བྱ་བ་ཡ་ཡོ་དང་བཏང་ལྷོད་མེད་པར་སྤེལ་དང་སྤེལ་བཞིན་ཡོད་ལ། དགའ་བདེ་རྫོང་སྲིད་གཞུང་དང་འཕྲོད་བསྟེན་སྡེ་ཁག་གིས་འབད་པ་ལྷོད་མེད་ཀྱིས་མང་ཚོགས་ཀྱི་བདེ་ཐང་འཚོ་བ་ཇེ་ལེགས་སུ་གཏོང་བའི་ཐད་ལ་འབད་བཞིན་ཡོད། དགའ་བདེ་རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལི་ཅི་ཏི་ཡིས་བཤད་པ་ལྟར་ན། “ཐུམ་འབུའི་ནད་རྩད་གཅོད་མ་བྱས་ན་མི་དམངས་ཀྱི་བདེ་སྐྱིད་གླེང་ཐབས་མེད”པས། ཁོ་ཚོས་ཐུམ་འབུའི་ནད་དང་ནད་དེས་མཚོན་པའི་མི་དམངས་ཀྱི་བདེ་སྐྱིད་ལ་གེགས་སུ་འགྲོ་བའི་བར་ཆད་ཐམས་ཅད་བསལ་བ་ནི་སོ་སོའི་དམིགས་བྱ་ཉག་གཅིག་ཏུ་བརྩིས་ནས་ཧུར་ཐག་བྱེད་བཞིན་ཡོད། །
རྩོམ་སྒྲིག་པ། འབྲུག་མོ།