ལུས་ཕུང་བདེ་ཐང་ཡོང་བར་བློ་སྦྱོང་ལ་བརྟེན་དགོས།
2018.12.04 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 53

ལུས་ཕུང་བདེ་ཐང་ཡོང་བ་དང་ཚེ་ཐག་རིང་འདོད་ན། གསོ་སྨན་རྩ་ཆེན་དང་འཆི་མེད་རིལ་བུ་སོགས་ལ་བརྟེན་དགོས་པ་མ་ཡིན་པར། འཚོ་བའི་གོམས་གཤིས་བཟང་པོ་ཞིག་ཆགས་ཏེ། འཚོ་བར་ཆོས་ཉིད་ཡོད་པར་བྱེད་དགོས་པ་ཤེས་དགོས། དེ་ནི་དུས་ཡུན་རིང་པོའི་བློ་སྦྱོང་ཞིག་ཡིན་པས། དུས་རྒྱུན་གྱི་ཉི་མ་རེ་རེར་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། དུས་ཆེན་གྱི་སྐབས་སུའང་བརྗེད་མི་རུང་།

རྒན་པ་རྣམས་ལས་འཁྱུར་ངལ་གསོ་བྱས་རྗེས་ཁོམ་གསེང་གི་དུས་ཚོད་མང་བས་སེམས་པ་སྟོང་ལྷང་ལྷང་གི་སྣང་བ་འཆར་སྲིད་པས། མཚམས་ལན་རེར་བྱ་བ་གང་ཞིག་བསྒྲུབས་ཏེ་ནང་སེམས་སུ་བསྡུས་པའི་སེམས་ཁམས་དེ་ཕྱིར་འབུད་འདོད་ཀྱི་འདུན་པ་འགོག་མེད་དུ་སྐྱེས་པ་རེད། དེ་བས་མི་མང་པོ་ཞིག་གིས་རྒྱུན་དུ་གྲོགས་པོ་རེ་འགའ་མཉམ་དུ་བསྡུས་ཏེ་རྒྱས་བཟའ་རྒྱས་འཐུང་བྱེད་པ་ལ་བརྟེན་ནས་ནང་གི་སེམས་ཁམས་དེ་ཕྱིར་ཕུད་ཀྱིན་ཡོད། གྲོགས་པོ་འགའ་མཉམ་དུ་འདུས་ནས་གླུ་ལེན་གར་རྩེད་བྱེད་ཞོར་རྒྱས་བཟའ་རྒྱས་འཐུང་བྱས་ན་སེམས་ཁམས་ཧ་ཅང་སྐྱིད་པོ་ཡོང་ངེས་ལ། མདུན་དུ་བཤམས་པའི་ཤ་མར་ཐུད་གསུམ་དང་ཆང་དཀར་ཆང་དམར་སོགས་མཐོང་རྗེས། མི་སུ་ཞིག་ཡིན་རུང་ཐོག་མར་རྒྱགས་ཆོད་པ་ཞིག་ཟོས་རྗེས་ད་གཟོད་ཡུན་གྱིས་ལྟ་སྙམ་པའི་སེམས་པ་འགོག་མེད་དུ་སྐྱེས་ཡོང་ངེས། ཡིན་ནའང་རྒྱུན་དུ་དེ་ལྟར་བྱས་ན་ལུས་ལ་ཚོ་འབུད་པར་མ་ཟད། ཁྲག་ཚིལ་མཐོ་བའི་ནད་དང་གཅིན་སྙི་ཟ་ཁུའི་ནད་སོགས་འབྱུང་བ་དང་། རྒྱས་བཟའ་རྒྱས་འཐུང་བྱས་པའི་མཇུག་འབྲས་ལས་ད་རུང་མྱུར་གཤིས་གཤེར་མའི་གཉན་ཚད་སླངས་ཏེ། སྨན་ཁང་དུ་མྱུར་སྐྱོབ་བྱེད་ཀྱིན་པའང་མང་པོ་མཐོང་ཐུབ།

ཆོས་ཉིད་ལྡན་པའི་འཚོ་བའི་གོམས་གཤིས་ཤིག་ཆགས་སུ་འཇུག་པ་དང་ཞག་ཚིལ་ཉུང་བའི་བཟའ་བཏུང་ལ་བརྟེན་པ་ནི་ལུས་སེམས་གསོ་བའི་གཞི་རྩ་ཡིན། དུས་རྒྱུན་སྔ་ཉལ་སྔ་ལངས་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་སྟེ། བྱ་བར་བྲེལ་བ་ཅི་འདྲ་ཆེ་ནའང་དགོང་མོའི་དུས་ཚོད་བཅུ་གཅིག་གི་སྟེང་དུ་ཉལ་དགོས་པར་མ་ཟད། ཉིན་གུང་ད་རུང་དུས་ཚོད་ཕྱེད་ཀ་ཙམ་ལ་ངལ་གསོ་བྱེད་ཐུབ་ན་ཧ་ཅང་བཟང་། རྒྱུ་མཚན་ནི་ནམ་གུང་གི་དུས་ཚོད་བཅུ་གཅིག་ནས་གཅིག་གི་བར་དང་ཉིན་གུང་གི་དུས་ཚོད་བཅུ་གཉིས་ནས་གཉིས་ཀྱི་བར་ནི་གདགས་སྲིབས་རྙིང་ཚབ་གསར་བརྗེ་བྱེད་པའི་དུས་ཡིན་པས། ནམ་གུང་གི་གཉིད་སྐྱིད་པོར་རོལ་ན་གདགས་རླུང་དང་སྲིབས་རླུང་གསོ་བར་ཕན་པ་ཆེན་པོ་ཡོད། ཙོག་ཡུན་རིང་བའི་མི་ལ་མཚོན་ན་ཉལ་ཁར་རྐང་བ་ཆུ་དྲོན་མོའི་ནང་དུ་སྦངས་རྒྱུ་དེ་ཡང་གོམས་གཤིས་བཟང་པོ་ཞིག་ཡིན། དགུན་ཁར་རྐང་བ་ཆུ་དྲོན་མོའི་ནང་དུ་སྦངས་ན་ལུས་སྟེང་གི་གྲང་ངར་ལེན་ཐུབ་པ་དང་། དབྱར་ཁར་རྐང་བ་ཆུ་དྲོན་མོའི་ནང་དུ་སྦངས་ན་ལུས་སྟེང་གི་བརླན་གཤེར་ལེན་ཐུབ། ནད་རིགས་དང་རིང་དུ་འབྲལ་དགོས་ན་ཐོག་མར་བརླན་གཤེར་དང་རིང་དུ་འབྲལ་དགོས་སོ། སེམས་ཁམས་སྐྱིད་པོ་མི་ཡོང་བ་དེ་ཡང་ཁྲག་ཤེད་མཐོ་བའི་ནད་ཀྱི་འབྱུང་རྐྱེན་གཙོ་བོ་ཞིག་ཡིན། རྒྱུན་དུ་ཤ་སྒྲིམ་སྒྲིམ་ལ་བསྡད་ན་ཁྲག་ཤེད་མཐོ་བའི་ནད་འབྱུང་སླ་བས། ནད་གཞི་བཅོ་དགོས་ན་ཐོག་མར་སེམས་ཁམས་གསོ་དགོས་པ་དང་། སེམས་ཁམས་སྐྱིད་པོ་ཡོང་བ་དང་སེམས་ལ་མནོན་ཤུགས་མེད་པར་བྱས་ན་ནད་རིགས་དྲག་སྐྱེད་དང་ལུས་ཕུང་བདེ་ཐང་ཡོང་བར་ཕན་པ་ཆེན་པོ་ལྡན།

བཟའ་བཏུང་གི་ཕྱོགས་ནས། གང་ཐུབ་ཀྱིས་སྣུམ་ཞག་ཉུང་བའི་ཟས་རིགས་ལ་བརྟེན་དགོས་པ་དང་། དགོང་ཟས་ཉུང་བཟའ་བྱེད་དགོས། སྔོ་ཚོད་དང་འོ་བཟོས་ཟས་རིགས། འབྲུ་རྩིང་སོགས་ཟ་རྒྱུར་མི་དགའ་ནའང་། ཟས་ཐུན་རེ་རེར་ཉུང་ཉུང་རེ་ཟོས་ཏེ་འཚོ་བཅུད་དོ་མཉམ་ཡོང་བར་བྱེད་དགོས།

གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱེད་པར་འདུ་ཤེས་ཁོ་ནར་བརྟེན་མི་རུང་བར། རང་ཉིད་ཀྱི་དགའ་ཕྱོགས་ལ་བརྟེན་ནས་གོམས་གཤིས་ངན་པའི་ཚབ་བྱེད་དགོས། དཔེར་ན་མི་མང་པོར་བརྙན་འཕྲིན་ལ་ལྟ་ཞོར་ཞོར་ཟས་བཟའ་བའི་གོམས་གཤིས་ངན་པ་ཆགས་ཡོད་པས། བརྙན་འཕྲིན་ལ་ལྟ་སྐབས་ཅོག་ནས་མི་ལྟ་བར་ལར་ལངས་ཏེ་ལུས་ཕུང་སྦྱོང་བརྡར་བྱེད་ཞོར་བརྙན་འཕྲིན་ལ་བལྟ་བ་དང་། ཞོར་ཟས་བཟའ་འདོད་སྐྱེས་སྐབས་རང་གིས་རང་ལ་ཇ་ཞིམ་པོ་ཞིག་སྦངས་ཏེ་ཇ་དྲི་ཞིམ་པོས་ཞོར་ཟས་ཀྱི་ཚབ་བྱེད་དགོས་པ་ལྟ་བུ།

གནས་ལུགས་དེ་དག་སུས་ཀྱང་ཤེས་མོད། འོན་ཀྱང་ང་ཚོའི་ཀླད་པ་དང་ལག་གི་ཐུར་མ་རྒྱུན་དུ་ལྕེ་དབང་གི་རྗེས་དེད་དེ་འགྲོ་བཞིན་ཡོད། དོན་དངོས་སུ་བཤད་ན། བདེ་ཐང་ནི་ཉི་མ་གཅིག་དང་ཡང་ན་ཉིན་འགའ་ལ་ཟོས་པ་འགྲིག་པ་ལས་བྱུང་བ་མ་ཡིན་པར། ཉིན་ཐོག་ལ་ཉིན་དང་ཟླ་ཐོག་ལ་ཟླ་བཞག་པའི་དུས་ཡུན་རིང་པོར་རང་ཉིད་ལྷོད་ཡངས་སུ་མ་བཏང་བར་འཚོ་བའི་གོམས་གཤིས་ཡག་པོ་རྒྱུན་སྲུང་བྱས་པ་ལས་བྱུང་བ་རེད། གནས་ཚུལ་ག་འདྲ་ཞིག་གི་འོག་ཏུའང་བག་མེད་དུ་ལོངས་སྤྱོད་བྱས་ཏེ་མིག་སྔའི་བདེ་བ་ཁོ་ནར་སྙེག་མི་རུང་། ཁོམ་གསེང་གི་སྐབས་སུ་རང་ཉིད་ཀྱི་དགའ་ཕྱོགས་ལ་འཐམས་ཏེ། བསམ་བློ་དགའ་ཕྱོགས་དེའི་ནང་འཁོར་དུ་བཅུག་ནས་ཟས་ཞིམ་པོའི་བསླུ་བྲིད་བརྗེད་དུ་འཇུག་དགོས་སོ། །

རྩོམ་སྒྲིག་པ། འབྲུག་མོ།