བོད་ཀྱི་ལུམས་བཅོས་ཤུལ་བཞག་མིང་ཐོའི་ནང་ཚུད་པར་རང་ཞིང་གིས་བྱས་རྗེས་ཆེན་པོ་བཞག་ཡོད།
2018.12.18 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 76

ས་དེ་གའི་ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་སྲིད་གཞུང་བར་གྱི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་གྲོས་ཚོགས་སྐབས་བཅུ་གསུམ་པའི་སྟེང་། ཀྲུང་གོས་རེ་ཞུ་བྱས་པའི“བོད་ཀྱི་ལུམས་བཅོས་ཏེ། ཀྲུང་གོའི་བོད་རིགས་ཀྱི་ཚེ་སྲོག་བདེ་ཐང་དང་ནད་རིགས་སྔོན་འགོག་ཐད་ཀྱི་འབྲེལ་ཡོད་ཤེས་བྱ་དང་ལག་ལེན”ཞེས་པར་གྲོས་ཞིབ་བྱས་པ་བརྒྱུད། མིའི་རིགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་མཚོན་བྱེད་ཀྱི་མིང་ཐོའི་ནང་དུ་བཀོད། གསར་འགོད་པས་འབྲེལ་ཡོད་ལས་ཁུངས་ནས་རྒྱུས་ལོན་པ་ལྟར་ན། ཉིས་སྟོང་བཅོ་ལྔ་ལོའི་ལོ་མཇུག་ལ་བོད་ཀྱི་ལུམས་བཅོས་ཤུལ་བཞག་མིང་ཐོའི་ནང་འཇོག་པར་རེ་ཞུ་བྱེད་པའི་བྱ་བ་དངོས་སུ་མགོ་བརྩམས་པ་ནས་བཟུང་། རང་ཞིང་གིས་བོད་ཀྱི་ལུམས་བཅོས་ཀྱི་རིག་གཞུང་ཞིབ་འཇུག་དང་གྲུབ་འབྲས་ཁྱབ་གདལ་དུ་གཏོང་བར་བྱས་རྗེས་གལ་ཆེན་བཞག

ཉིས་སྟོང་བརྒྱད་ལོར། བོད་ཀྱི་ལུམས་བཅོས་ཏེ་སྲོལ་རྒྱུན་གྱི་ལག་རྩལ་འདི་ཉིད་སྔར་ལས་ལྷག་པའི་སྒོ་ནས་རྒྱུན་འཛིན་དང་སྲུང་སྐྱོབ་བྱ་ཆེད། རང་རྒྱལ་གྱིས་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ནི་རྒྱལ་ནང་གི་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་ལས་གཞི་ཐོག་མ “བོད་ཀྱི་ལུམས་བཅོས”ཀྱི་སྲུང་སྐྱོབ་ལས་ཁུངས་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་མགོ་གཙོ་ཀླུ་བྱམས་རྒྱལ་ནི་རྒྱུན་འཛིན་པ་ཡིན་པ་ངེས་གཏན་བྱས། ལོ་ངོ་མང་པོའི་རིང་ལ། ཞིང་ཆེན་བོད་སྨན་ཁང་གི་སྨན་ལུམས་ཚན་ཁག་གིས་ཆུ་ལུམས་དང་། རླངས་ལུམས་ཀྱི་གསོ་བཅོས་བྱེད་ཐབས་རྒྱུན་འཛིན་བྱེད་ཞོར། བོད་ལུགས་སྨན་བཅོས་ཀྱི་ཁྱད་ཆོས་དང་དགེ་མཚན་འདོན་སྤེལ་བྱས་ཏེ། “བདུད་རྩི་ལྔ་ལུམས”ཀྱི་སྨན་སྦྱོར་རྨང་གཞི་དང་། སྨན་ལུམས་ཀྱི་བཟོ་བཀོད་དང་། ནམ་ཟླའི་གདམ་གསེས། ནད་གཡོག་བྱེད་པ་བཅས་ཀྱི་ཕྱོགས་ལ་ནད་བརྟག་སྨན་བཅོས་བྱེད་སྟངས་ཐུན་མོང་མ་ཡིན་པ་ཞིག་གྲུབ་པར་བྱས་ཡོད། བོད་ཀྱི་ལུམས་བཅོས་ཀྱིས་གྲུམ་བུའི་ནད་དང་། ཚིགས་གྲུམ། རེངས་པོའི་རང་བཞིན་གྱི་སྒལ་ཚིགས་གཉན་ཚད། པགས་ནད་སྣ་ཚོགས་བཅས་ཀྱི་ནད་རིགས་ལ་སྨན་ནུས་མངོན་གསལ་ཡོད་པ་ནད་ཐོག་ལག་ལེན་གྱིས་ར་སྤྲོད་བྱས་སྟབས། ནད་པས་བརྩི་འཇོག་ཆེན་པོ་བྱེད་བཞིན་ཡོད།

ཤུལ་བཞག་མིང་ཐོའི་ནང་འཇོག་པར་རེ་ཞུ་བྱེད་སྐབས། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་བོད་རང་སྐྱོང་ལྗོངས་ཀྱིས་ཤུལ་བཞག་མིང་ཐོའི་ནང་འཇོག་པར་རེ་ཞུ་བྱེད་པའི་བྱ་བར་གཞོགས་འདེགས་བྱས། སེམས་ཤུགས་གཅིག་སྒྲིལ་དང་། སྟོབས་ཤུགས་ཡོད་དགུ་འདོན་པ། རིགས་མི་གཅིག་པའི་རྒྱུ་ཆ་འདོན་སྤྲོད་བྱས་ཤིང་། རྒྱལ་ཡོངས་ཀྱི་བོད་ལུགས་སྨན་པ་གྲགས་ཅན་དང་སྨན་པ་རྒན་པའི་རྒྱབ་སྐྱོར་ཆེན་མོ་དང་། ཤུལ་བཞག་མིང་ཐོའི་རེ་ཞུ་ཆེད་མཁས་པས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། བོད་ཀྱི་ལུས་བཅོས་ལ་རྒྱལ་ཁབ་ཕྱི་ནང་གི་གསོ་རིག་ཁྱབ་ཁོངས་ནས་ཁས་ལེན་ཆེན་པོ་ཐོབ། རང་ཞིང་གི་རིག་གནས་སྡེ་ཁག་གིས་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲོའུ་ཧོར་རིགས་རང་སྐྱོང་རྫོང་སུམ་མདོ་བོད་རིགས་ཞང་སུམ་མདོ་སྡེ་བ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཁྱོན་རྒྱས་ཞང་ཉིང་ཞ་སྡེ་བ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་བློན་ཆེ་ཞང་བློན་ཆེ་སྡེ་བ། དེ་མིན་ཞིང་ཆེན་བོད་སྨན་ཁང་། མཚོ་སྔོན་སློབ་ཆེན་བོད་ཀྱི་གསོ་རིག་སློབ་གླིང་། བོད་སྨན་ཞིབ་འཇུག་གླིང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཞིབ་འཇུག་རིག་གཞུང་ལྷན་ཚོགས་བཅས་ཀྱི་འབྲེལ་ཡོད་གཞིས་ཁུལ་དང་ཚོགས་སྤྱི་དང་མཉམ་སྒྲུབ་བྱས་ཏེ། འབྲེལ་ཡོད་རྒྱུན་འཛིན་དང་སློབ་སྦྱོང་ལྟེ་གནས་དང་ཞིབ་འཇུག་སྡེ་ཁག་རྩ་འཛུགས་དང་འཐུས་ཚང་དུ་བཏང་བ་དང་། རྣམ་པ་མི་གཅིག་པའི་གསོ་སྦྱོང་བྱ་འགུལ་སྤེལ་ཏེ། གཞིས་ཁུལ་གྱི་བདེ་ཐང་ལག་ལེན་ཁྱབ་གདལ་བཏང་སྟེ་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་སྤེལ་བྱས། །

རྩོམ་སྒྲིག་པ། འབྲུག་མོ།