ཞོག་ཁོག་སྨུག་པོའི་ནང་དུ་སྤྲི་དཀར་གྱི་རིགས་མང་པོ་འདུས་ཡོད། དེའི་ནང་དུ་མིའི་ལུས་པོས་འཇུ་ལེན་བྱེད་སླ་བའི་འཚོ་བཅུདAདང་།འཚོ་བཅུདB།འཚོ་བཅུདCསོགས་རིགས་སྣ་བཅོ་བརྒྱད་ཀྱི་རྒྱུ་ཆ་འདུས་ཡོད་པས། དེ་དག་ནི་མིའི་ལུས་ཐང་ཆད་པ་སྔོན་འགོག་དང་ཁྲག་ཇེ་མང་དུ་གཏོང་བར་མཁོ་བའི་རྒྱུ་ཆ་ཡིན། ཞོག་ཁོག་སྨུག་པོ་ལ་ཞོག་ཁོག་དམར་པོ་དང་འདྲ་བར་ཚི་སྣའི་རྒྱུ་ཕུན་སུམ་ཚོགས་པོ་ཡོད་པས། དུག་སེལ་ལ་སྐུལ་འདེད་གཏོང་བ་དང་། འཇུ་ལམ་ལེགས་བཅོས་བྱེད་པ། རྒྱུ་ལམ་གྱི་རིམས་ནད་སྔོན་འགོག་བྱེད་པར་ཕན་པ་ཡོད།
དེ་ལས་གཞན། ཞོག་ཁོག་སྨུག་པོའི་ནང་དུ་ཞིའི་མ་རྒྱུ་དང་མེ་ཏོག་གི་མདོག་རྒྱུ་མང་པོ་འདུས་ཡོད། དེའི་ཁྲོད་ཞིའི་མ་རྒྱུ་ནི་འབྲས་སྐྲན་འགོག་པར་ནུས་པ་ཆེན་པོ་ལྡན་པས། མིའི་ལུས་པོས་བསྡུ་ལེན་བྱེད་སླ་བར་མ་ཟད། ཁྲག་དྭངས་མོའི་ནང་དུ་བཞུར་ཏེ་ནད་འགོག་ནུས་པ་ཇེ་དྲག་ཏུ་གཏོང་ཐུབ་པ་དང་། མི་ལེགས་པའི་ཆ་གཙང་སེལ་བྱེད་པར་ཕན། མེ་ཏོག་གི་མདོག་རྒྱུ་ནི་སྐྱེ་དངོས་ཁྲོད་རྒྱ་ཁྱབ་ཏུ་འདུས་པའི་ཆུའི་རང་གཟུགས་ཀྱི་རྒྱུ་ཆ་ཞིག་ཡིན་པས་ར་གན་རིགས་ཀྱི་འདྲེས་སྦྱོར་དངོས་པོ་ཡིན། མེ་ཏོག་གི་མདོག་རྒྱུ་ལ་དབྱང་འགྱུར་འགོག་པ་སོགས་ཀྱི་ནུས་པ་ཡོད་པས་ལུས་ཁམས་བདེ་སྲུང་བྱེད་པར་ཕན་པའི་རང་བྱུང་དངོས་པོ་འདུས་པ་རེད། གོང་སྨྲས་བཞིན་ཞོག་ཁོག་སྨུག་པོར་བཟའ་བཏུང་སྐོར་གྱི་ལེགས་ཆ་མང་པོ་འདུས་རུང་། རྒྱས་ཟ་རྒྱས་འཐུང་བྱས་ན་ཕན་པ་ཡོད་མེད་ལ་བསམ་བློ་གཏོང་རྒྱུ་གལ་ཆེ།
ཁྱེད་ཀྱིས་རྒྱུན་པར་ཟ་བཞིན་པའི་ཞོག་ཁོག་རིགས་གང་ལ་གཏོགས་ཀྱང་། རྒྱས་ཟ་རྒྱས་འཐུང་བྱས་ན་ཁོག་པ་སྦས་པ་དང་སྐྱུར་ལངས་པ་སོགས་ཀྱི་སྣང་ཚུལ་ཐོན་པ་རེད། སྔོ་ཚལ་དང་སིལ་ཏོག་རིགས་མང་པོ་ལ་མིའི་ལུས་པོར་ཕན་པའི་གྲུབ་ཆ་མང་པོ་ལྡན། དོན་དངོས་ཀྱི་འཚོ་བའི་ཁྲོད། ང་ཚོས་སིལ་ཏོག་དང་སྔོ་ཚལ་རིགས་གང་དག་ལ་ལུས་པོར་ཕན་པའི་བྱེད་ནུས་གང་དག་ཡོད་པའི་སྐོར་ལ་ཞིབ་འཇུག་རྩད་གཅོད་བྱེད་དགོས་དོན་མེད་པར། སིལ་ཏོག་དང་སྔོ་ཚལ་རིགས་ཟ་ཤེས་པ་དང་མཐུན་པོར་སྤྱོད་ཤེས་ན་དེ་ནི་ལུས་པོ་བདེ་ཐང་ཡོང་བའི་གཞི་རྩ་ཡིན།
རྩོམ་སྒྲིག་པ། འབྲུག་མོ།