རྡབ་རྡེག་རྒྱག་པའི་ལུས་སྦྱོང་བྱེད་ཐབས་དེ་རྒན་པར་མི་འཕྲོད།
2018.12.25 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 38

གྲོང་ཁྱེར་དུ་འཚོ་བ་རོལ་བཞིན་པའི་མི་རྣམས་ལ་མཚོན་ནས་བཤད་ན། ཉིན་རེའི་ཞོགས་པར་སྤྱི་གླིང་དུ་སོང་ནས་སྦྱོང་བརྡར་བྱེད་མཁན་ཚོའི་ཁྲོད། རྒྱུན་པར་སྡོང་བོ་དང་ཀ་རྡོ་སོགས་ལ་རྡབ་རྡེག་བྱས་ནས་ལུས་སྦྱོང་བྱེད་མཁན་ཧ་ཅང་མང་པོ་མཐོང་རྒྱུ་ཡོད། འདི་ཡང་ལུས་སྦྱོང་བྱེད་ཐབས་ཤིག་ཡིན་མོད། ལུས་སྦྱོང་བྱེད་ཐབས་འདིའི་རིགས་ལུས་ཕུང་བདེ་ཐང་ཡིན་པའི་ན་གཞོན་དང་ལུས་རྩལ་པར་འཚམས་པ་ལས་ལོ་ལོན་རྒན་པར་མི་འཚམས། གཞུང་ལུགས་ཀྱི་ངོས་ནས་བཤད་ན། རྡབ་རྡེག་རྒྱག་པའི་ལུས་སྦྱོང་བྱེད་ཐབས་དེས་གསང་མིག་དང་རྩ་ལམ་ལ་ཕོག་ཐུག་དང་གནས་གཅིག་གམ་ལུས་ཡོངས་ཀྱི་ཁྲག་རྒྱུན་འཁོར་སྐྱོད་ལ་སྐུལ་འདེདགཏོང་ཐུབ་ཅིང་འཇུ་བྱེད་ནུས་པ་ཇེ་དྲག་ཏུ་གཏོང་ཐུབ་པར་མ་ཟད། ད་དུང་རྡབ་རྡེག་ཐེབས་པའི་གནས་དེར་ཕུར་མཉེད་ཀྱི་ནུས་པའང་ཐོན་ཐུབ། དེ་ལྟར་རྒྱུན་པར་རྡབ་རྡེག་རྒྱག་པའི་ལུས་སྦྱོང་བྱས་ན།  ལུས་ཀྱི་ཤ་གྲིམ་ལ་མཉེན་ཤ་ལྡན་ཞིང་སྟོབས་ལྡན་དུ་འགྱུར་བའི་དུས་མཚུངས་སུ། དོན་སྣོད་ཀྱི་ནུས་པའང་ཇེ་ལེགས་སུ་གཏོང་ཐུབ།

ལོ་ལོན་རྒན་པའི་ལུས་སྟོབས་ཇེ་ཞན་དུ་གྱུར་བ་དང་བསྟུན་ནས།  ནད་རིགས་སྣ་ཚོགས་ཀྱི་ཐོག་མའི་ནད་རྟགས་འདྲ་མིན་ལུས་སྟེང་མངོན་གྱིན་ཡོད། དེའི་ཁྲོད་དུ་གློ་བ་རླུང་སྐྲངས་ཀྱི་ནད་ནི་ཆེས་རྒྱུན་མཐོང་གི་ནད་ཅིག་རེད། རྒྱུན་པར་ལུ་རྒྱ་ལངས་ན་གློ་ཝུའི་ནང་གི་གནོན་ཤུགས་ཇེ་མཐོར་འགྲོ་བ་དང་གློ་ཝུའི་ལྡེབས་ལ་གནོད་པ་ཅུང་ཆེན་པོ་བཟོས་ཏེ་གློ་ཝུ་ཆེན་པོར་འགྱུར་པ་རེད། གློ་ཝུ་ཆེན་པོའི་ཆེ་ཆུང་མི་འདྲ་ཞིང་ལོ་ལོན་རྒན་པའི་ཁྲོད་དུ་གློ་ཝུ་ཆེན་པོར་གྱུར་བའི་མི་ཧ་ཅང་མང་། གློ་ཝུ་ཆེན་པོར་གྱུར་བའི་མི་ཕལ་ཆེ་བར་ནད་རྟགས་གང་ཡང་མེད་པས་གསོ་བཅོས་བྱེད་མི་དགོས། ཡིན་ནའང་གློ་ཝུ་ཆེན་པོར་གྱུར་བའི་རྒན་པ་རྣམས་ཀྱིས་རྡབ་རྡེག་རྒྱག་པའི་ལུས་སྦྱོང་བྱས་ན་གློ་ཝུ་ཆེན་པོ་བརྡོལ་བའི་ཉེན་ཁ་འབྱུང་སྲིད་ཅིང་། དེ་ལས་མྱུར་བའི་རང་བཞིན་གྱི་དབུགས་རླུང་སྟོད་འཚང་དུ་གྱུར་ནས། གློ་བུར་དུ་དབུགས་ལེན་དཀའ་བར་འགྱུར་སྲིད་པར་མ་ཟད། ཐ་ན་ཚེ་སྲོག་ལའང་ཉེན་ཁ་འབྱུང་བ་རེད།

དེ་ལས་གཞན། རུས་སོབ་ཀྱི་ནད་ཡང་རྒན་པ་རྣམས་ལ་རྒྱུན་དུ་འབྱུང་བའི་ནད་ཅིག་རེད། རྒན་པ་ལ་ལ་སྤྱི་སྤྱོད་རླངས་འཁོར་དང་སྤྲོ་གསེང་གཏོང་བྱེད་ཀྱི་གྲུ་གཟིངས་སོགས་གཡོ་འགུལ་རང་བཞིན་ཅུང་ཚབས་ཆེ་བའི་རིགས་ལ་བསྡད་རྗེས། སྒལ་རུས་ལ་རྨས་སྐྱོན་ཐེབས་སྲིད། ཡང་རྒན་པ་ལ་ལར་ལུ་རྒྱ་དྲག་པོ་ལངས་ནའང་རྩིབ་རུས་ལ་ཆག་སྐྱོན་འབྱུང་བའི་གནས་ཚུལ་འབྱུང་སྲིད། ད་དུང་རྒན་པས་སེམས་ཆུང་མ་བྱས་པར་ཐང་ལ་འགྱེལ་བ་ལས་བརླ་རྐང་དང་སྐེ་རུས་ལ་ཆག་སྐྱོན་འབྱུང་ཚད་དེ་ན་གཞོན་དང་དར་མ་ལས་ཤིན་ཏུ་མཐོ། འདི་དག་ཐམས་ཅད་རུས་སོབ་ནད་དང་འབྲེལ་བ་ཆེས་ཆེར་ལྡན། བརྟག་དཔྱད་ལས་མངོན་པ་ལྟར་ན། རྒན་པ་རྣམས་ཀྱིས་རྡབ་རྡེག་རྒྱག་པའི་ལུས་སྦྱོང་བྱས་པ་ལས་སྒལ་ཚིགས་ལ་ཆག་སྐྱོན་དང་རྨས་སྐྱོན་འབྱུང་བཞིན་ཡོད་ཟེར།

དེར་བརྟེན། རྡབ་རྡེག་གི་ལུས་སྦྱོང་བྱེད་ཐབས་དེ་ལོ་ལོན་རྒན་པར་མི་འཚམས། ལུས་ཕུང་བདེ་ཐང་ཡིན་པའི་ལོ་ལོན་རྒན་པ་རྣམས་ལ་མཚོན་ནའང་གོང་གི་སྦྱོང་བརྡར་བྱེད་ཐབས་དེའི་རིགས་མ་སྤྱད་ན་བཟང་བ་དང་། ནམ་རྒྱུན་རྒན་པ་རྣམས་ཕྱི་རོལ་དུ་སོང་ནས་འཆམ་འཆམ་བྱེད་པ་དང་། གོམ་པ་མགྱོགས་པོར་འགྲོ་བ། ཐའེ་ཅི་ལུས་རྩལ་སྦྱོང་བ། ཆུར་རྐྱལ་བ། བྲོ་འཁྲབ་པ་སོགས་ཉེན་ཁ་མེད་པའི་སྦྱོང་བརྡར་བྱས་ན་ལེགས།

ལོ་ཙཱ་བ། འབྲུག་མོ།