སྤེལ་དུས།2019.01.02 ཡོང་ཁུངས།མཚ་སྔོན་བོད་ཡིག་གསར་འགྱུར།
0
0

རྒན་པའི་གླེན་ནད་ཀྱིས་རྒན་པ་རྣམས་ཀྱི་འཚོ་བའི་སྤུས་ཀར་གནོད་སྐྱོན་ཆེན་པོ་བཏང་སྟེ། ཁྱིམ་མིའི་ལུས་པོ་དང་སེམས་ཁམས་སྟེང་གི་ཁུར་བོ་ཇེ་ལྗིད་དུ་གཏོང་བཞིན་ཡོད། ཉེ་ཆར། དབྱིན་ཇིའི《ཉིན་རེའི་ཡིག་ཟམ་ཚགས་པར》སྟེང་རྒན་པའི་གླེན་ནད་འགོག་པའི་ཐབས་བཀོད་དྲུག་ཕྱོགས་སྡོམ་བྱས་ཡོད་པ་སྟེ།

གཅིག སྤྱི་ཚོགས་འབྲེལ་འདྲིས་དང་སློབ་སྦྱོང་བྱེད་རྒྱུར་དགའ་བ། རྒྱུན་དུ་གྲོགས་པོ་འགའ་དང་ལྷན་འཛོམས་ཀྱིས་ཤེས་བྱ་གསར་པར་སློབ་སྦྱོང་བྱས་ན་ཀླད་པ་གསོ་བར་ཕན་པ་ཡོད། དབྱིན་ཇིའི་ཨའེ་ཏིང་པའོ་སློབ་ཆེན་གྱི་རྒན་པའི་སེམས་ནད་ཆེད་མཁས་པ་ཁི་ལའེ་ཀའེ·ལའེ་ཆི་ཡིས་བསྟན་དོན། སྤྱི་ཚོགས་འབྲེལ་འདྲིས་བྱས་ན་སེམས་ཁམས་གསོ་ཐུབ་པ་དང་ཤེས་རྟོགས་ནུས་པ་ཉམས་པ་སྔོན་འགོག་བྱེད་ཐུབ་པས། དགའ་ཕྱོགས་གསར་པ་སྐྱེད་སྲིང་བྱས་ཏེ་རིག་པའི་འགྲན་རྩོད་གསར་པ་དང་ལེན་བྱེད་ངེས་པས། རིག་སྟོབས་གསོ་བའི་རོལ་རྩེད་རྩེ་བ་ལས་ཀྱང་ལྡབ་འགྱུར་གྱིས་བཟང་།

གཉིས།ཤེས་རྟོགས་གསོག་འཇོག་རྒྱ་སྐྱེད་པ། དབྱིན་ཇིའི་ཅན་ཆའོ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁ་ལོ་ཨེར·པུའུ་ལེ་ཨེན་གྱིས་བལྟས་ན། མཐོ་རིམ་སློབ་གསོ་མྱོང་བ་དང་། རྙོག་འཛིང་གི་ལས་ཀར་ཞུགས་པ། སྤྱི་ཚོགས་ཀྱི་བྱ་འགུལ་ལ་ཞུགས་ཚད་མཐོ་བའི་རྒན་པ་རྣམས་ཀྱི་ཤེས་རྟོགས་གསོག་འཇོག་ཧ་ཅང་མཐོ་བས། རྒན་པའི་གླེན་ནད་འབྱུང་ཚད་དམའ་བ་རེད།

གསུམ། ཨ་སི་ཕི་ལེན་འཐུང་བ། དབྱིན་ཇིའི་ཉིའུ་ཅིན་སློབ་ཆེན་གྱི་དང་བླངས་པ་ཁྲི་གཅིག་དང་སྟོང་ལྔ་དང་འབྲེལ་བའི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། ཨ་སི་ཕི་ལེན་གྱིས་སྙིང་ནད་དང་ཀླད་གྲིབ་ཀྱི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ་པ་དང་། ནད་རིགས་འདི་གཉིས་ནི་ཤེས་རྟོགས་ནུས་པ་དང་འབྲེལ་བ་དམ་པོ་ཡོད་པས། རྒན་པ་རྣམས་ཀྱིས་སྨན་པའི་མཛུབ་སྟོན་འོག་ཨ་སི་ཕི་ལེན་འཐུང་ཆོག

བཞི། མཚོ་ནང་གི་ཉ་རིགས་བཟའ་བ། རྒྱལ་སྤྱིའི་རྒན་པའི་ཤེས་རྟོགས་ནད་རིགས་ཞིབ་འཇུག་ཁྱབ་ཁོངས་ཀྱི་དུས་དེབ་གྲགས་ཅན《ཨལ་ཟེ་མེར་ནད་སློབ་ཚོགས་དུས་དེབ》སྟེང་བཀོད་པའི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། རྒན་པའི་གླེན་ནད་བྱུང་བའི་ནད་པས་ཨོ་སྨི་ཁ3ཚིལ་སྐྱུར་འཐུང་ན་ཤེས་རྟོགས་ཉམས་པ་སྔོན་འགོག་བྱེད་ཐུབ་པ་དང་། མཚོ་ནང་གི་ཉ་དང་ཉ་ཚིལ་གྱི་ནང་དུ་དངོས་པོ་དེ་འདུས་པས། རྒན་པ་རྣམས་ཀྱིས་ཉ་ཤ་ཟོས་ན་ཧ་ཅང་བཟང་།

ལྔ། སྙིང་གི་བྱེད་ནུས་སྲུང་སྐྱོབ་བྱེད་པ། རྒན་པའི་གླེན་ནད་འབྱུང་སླ་བའི་རྒྱུ་རྐྱེན་བདུན་ཡོད་པའི་ནང་གི་ལྔ་པ་ནི་སྙིང་ནད་དང་འབྲེལ་བ་དམ་པོ་ཡོད་པ་རེད། དེས་སྙིང་ལ་སྲུང་སྐྱོབ་བྱས་ན་ཤེས་རྟོགས་ནུས་པ་རྒྱུན་སྲུང་བྱེད་པར་ཕན་པ་མཚོན་ཐུབ།

དྲུག འོས་འཚམ་གྱི་ལུས་སྦྱོང་རྒྱུན་འཁྱོངས་བྱེད་པ། རྒན་པའི་གླེན་ནད་ལ་ཞིབ་འཇུག་བྱེད་མཁན་གྱི་ཆེད་མཁས་པ་ཡོངས་ཀྱིས་བསྟན་དོན། འོས་འཚམ་གྱི་ལུས་སྦྱོང་བྱེད་པ་ནི་རྒན་པའི་གླེན་ནད་སྔོན་འགོག་བྱེད་ཐབས་ལས་ཆེས་མཆོག་ཏུ་གྱུར་པ་ཞིག་ཡིན་པར་མ་ཟད། ལུས་སྦྱོང་གི་གོ་རིམ་ཁྲོད་ད་རུང་སྤྱི་ཚོགས་འབྲེལ་འདྲིས་ཀྱང་བྱེད་ཐུབ་པ་བཅས་སོ། །

རྩོམ་སྒྲིག་པ། འབྲུག་མོ། 

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།