རྐེད་པ་ན་བ་དང་རྐང་བ་སྦྲིད་ཚེ་སྒལ་ཚིགས་མཁར་མཚམས་ཇེ་ཞན་དུ་འགྱུར་བར་མཉམ་འཇོག་བྱེད་དགོས།
2019.01.09 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 150

རྐེད་པ་ནི་མི་ལུས་ཀྱི་སྟོབས་ཤུགས་འདོན་ས་ཆེས་གཙོ་བོ་ཡིན་པས་ལུས་པོར་འདེགས་སྐྱོར་དང་སྒལ་རུས་སྲུང་སྐྱོབ་བྱེད་པར་ནུས་པ་གལ་ཆེན་ལྡན། སྒལ་ཚིགས་མཁར་མཚམས་དེ་སྒལ་ཚིགས་ཀྱི་མཁར་གཞུང་བར་དུ་གནས་པས། དེ་ལ་སྒལ་ཚིགས་ཀྱི་མཁར་གཞུང་འདེགས་སྐྱོར་དང་། སྦྲེལ་མཐུད། ཞི་ལྷོད་དུ་གཏོང་བ་བཅས་ཀྱི་ནུས་པ་ལྡན་པ་ཡིན། སྒལ་ཚིགས་མཁར་མཚམས་ཀྱི་བར་དུ་སྒལ་རྣག་ཡོད་ཅིང་དེའི་བརྒྱ་ཆའི་གྱ་ལྔ་ཙམ་ནི་ཆུའི་གྲུབ་ཆ་ཡིན་ལ། ལོ་ན་རྒས་པ་དང་བསྟུན་ནས་སྒལ་རྣག་ནང་གི་ཆུའི་གྲུབ་ཆ་བསྟུད་མར་ཇེ་ཉུང་དང་སྒལ་རུས་ཀྱི་ལྡེམ་ཤུགས་ཇེ་ཞན་དུ་གྱུར་ནས་སྒལ་ཚིགས་ཀྱི་མཉེན་སྟོབས་ཀྱང་རིམ་བཞིན་ཉམས་ཞན་དུ་འགྱུར་སྲིད། རྐེད་པ་ན་བ་དེ་སྤྱིར་བཤད་ན་སྒལ་ཚིགས་མཁར་མཚམས་ཞེས་པའི་ལྷུ་ཚིགས་དེ་བཀོལ་ཡུན་རིང་བ་ལས་བྱུང་བ་རེད། རྐང་བ་སྦྲིད་པ་ནི་སྒལ་ཚིགས་མཁར་མཚམས་ནང་གི་སྒལ་རྣག་གི་གནས་དེར་འགྱུར་བ་བྱུང་ནས་ཉེ་འཁོར་གྱི་དབང་རྩ་མནན་པ་ལས་བྱུང་བ་རེད།

སྒལ་ཚིགས་མཁར་མཚམས་ནི་ཕྲུམ་རུས་ཀྱི་ཚི་སྣའི་གདུབ་ཅིག་ཡིན་ལ། དེའི་ནང་ཕྱོགས་སུ་སྒལ་རྣག་གིས་ཁེངས་ཡོད་པ་ཞིག་ཡིན། རྒྱུན་ཆད་མེད་པར་འགུལ་སྐྱོད་བྱས་པ་དེས་སྒལ་ཚིགས་མཁར་མཚམས་རིམ་བཞིན་ཇེ་ཞན་དུ་གྱུར་ནས་ཆུ་འདོར་བ་དང་སྲ་མོར་གྱུར་ཏེ་བཙིར་གནོན་ཐེབས་རྗེས་དབྱིབས་འགྱུར་བའམ་གས་ཆག་ཅུང་ཟད་འབྱུང་སྲིད་ཅིང་།   སྒལ་རྣག་ཟགས་ཐོན་བྱུང་ནས་སྲ་མོར་གྱུར་བ་ལས་སྒལ་ཚིགས་འབུར་བའི་ནད་བྱུང་བ་རེད། དབང་རྩ་མནན་པ་དང་སྒལ་རུས་མནན་པ་ལས་སྐེ་ཚིགས་ན་བ་དང་ཆུ་རྩ་སྦུ་གུ་ཅན་གཟེར་བ་བཅས་འབྱུང་།

སྤྱིར་སྒལ་ཚིགས་ཀྱི་ནད་དེས་མཇུག་འབྲས་ཚབས་ཆེན་བཟོ་སྲིད་དེ། དཔེར་ན། ནད་པའི་རྐེད་པ་ན་བ་དང་། ཁོག་སྨད་ན་བའམ་སྦྲིད་པ་སོགས་རྒྱུན་ལྡན་མིན་པའི་སྣང་ཚུལ་འབྱུང་བ་སོགས་ཐོག་མའི་ནད་རྟགས་འབྱུང་ཞིང་། དེ་ཉིད་དུས་ཐོག་ཏུ་གསོ་བཅོས་མ་བྱས་ཚེ། ནད་བབ་རིམ་གྱིས་ཇེ་སྡུག་ཏུ་གྱུར་ནས་སྒལ་ཚིགས་འབུར་བ་དང་དེས་རྒྱུངས་པ་དང་དབང་རྩར་བཙིར་གནོན་ཐེབས་ནས། ནད་པའི་འགྲོ་འདུག་ལ་དཀའ་ཁག་བཟོ་བར་མ་ཟད་ཐ་ན་རྐང་བ་ཞ་བ་དང་རྩ་ཆུ་ཤོར་བའི་སྣང་ཚུལ་ཡང་འབྱུང་དུ་འཇུག་སྲིད། སྒལ་ཚིགས་འབུར་བའི་ནད་དེ་ཚད་ངེས་ཅན་ཞིག་ལ་ཐོན་ན་རུས་ནད་ཚན་ཁག་ནས་གཤགས་བཅོས་བྱེད་དགོས།

སྒལ་ཚིགས་ཀྱི་ནད་དེ་ཉེ་ཆར་ན་གཞོན་ལོ་ཆུང་ལའང་འབྱུང་བཞིན་ཡོད་དེ། སྒལ་ཚིགས་མཁར་མཚམས་ཉམས་ཞན་དུ་གྱུར་བ་དེའི་རྒྱུ་རྐྱེན་གཙོ་བོ་ནི་དུས་ཡུན་རིང་པོར་དལ་བའི་རང་བཞིན་གྱིས་གནོད་སྐྱོན་ཐེབས་པ་ལས་བཟོས་པ་དང་། ལས་རིགས་ཀྱི་རྒྱུ་རྐྱེན། ནད་རིགས་སམ་ཕྱི་རོལ་གྱི་གནོད་སྐྱོན་བཟོས་པ་ལས་གཞན། རང་སྟེང་གི་བདེ་སྲུང་འདུ་ཤེས་ཞན་པ་དང་། དུས་རྒྱུན་གྱི་འཚོ་བའི་ཁྲོད་མི་ལེགས་པའི་གོམས་གཤིས་ལས་བྱུང་བ་ནི་ཆེས་མང་ཤོས་རེད།

ཙོག་ཡུན་རིང་བའི་ཁར་སྡོད་སྟངས་ཡང་དག་མིན་པ་དེ་སྒལ་ཚིགས་ནད་ཀྱི་སློང་རྐྱེན་གཙོ་བོའི་ཁྲོད་ཀྱི་གཅིག་རེད། ནམ་རྒྱུན་ཙོག་པུར་སྡོད་སྐབས་ཀྱི་སྒལ་ཚིགས་ཀྱི་འདེགས་ནུས་ཀྱི་འགན་ཁུར་དེ་ཡར་ལངས་ནས་སྡོད་དུས་ལས་ཅུང་ལྕི་བས། སྒལ་ཚིགས་མཁར་མཚམས་ལ་བཙིར་གནོན་ཐེབས་ཚད་ཆེ་བས་རེད། ཞིབ་འཇུག་ལས་ཤེས་པ་ལྟར་ན། ལུས་པོ་ཅུང་སྔོན་དུ་གསེགས་ནས་ཙོག་པོར་སྡོད་སྐབས། སྒལ་ཚིགས་མཁར་མཚམས་ནང་གི་གནོན་ཤུགས་ཧ་ཅང་ཆེ་ལ། དེ་ནི་ང་ཚོའི་དུས་རྒྱུན་བྱ་བ་སྒྲུབ་སྐབས་ཀྱི་སྡོད་སྟངས་ཤིག་ཡིན་པ་རེད།

ཡང་དག་པའི་ཙོག་སྟངས་ནི་ཁོག་སྟོད་ཡར་དགྱེ་ཞིང་གསུས་པ་ནང་དུ་སྐུམ་ནས་འདུག་དགོས་ཤིང་། ཙོག་ཡུན་དུས་ཚོད་སྐར་མ་བཞི་བཅུའི་མཚམས་རེར་ཡར་ལངས་ནས་རྐང་ལག་བརྐྱངས་བསྐུམ་དང་ཡར་དགྱེ་མར་སྒུར་སོགས་ཀྱི་འགུལ་སྐྱོད་རེ་བྱེད་དགོས་པ་ཡིན།

ཕྱི་རྟིང་མཐོན་པོ་ཅན་གྱི་ལྷམ་གྱོན་ན་ལུས་པོའི་ལྗིད་ཅུང་སྔོན་དུ་ཕྱོགས་སྲིད་པས། དུས་ཡུན་རིང་པོར་ལངས་ནས་བྱ་བ་སྒྲུབ་དགོས་པའི་མི་སྟེ་དགེ་རྒན་ལྟ་བུ་སོགས་ལ་མཚོན་ན་ཕྱི་རྟིང་མཐོན་པོ་ཅན་གྱི་ལྷམ་མ་གྱོན་ན་བཟང་། དུས་མཚུངས་སུ་ཁོག་སྟོད་ཡར་དགྱེ་ཞིང་གསུས་པ་ནང་དུ་སྐུམ་ནས་ལུས་པོ་དྲང་མོར་བྱེད་དགོས།  གལ་ཏེ་དུས་ཡུན་རིང་པོར་མར་སྒུར་ནས་འདུག་དགོས་པའམ་རྐེད་པ་ཅུང་སྔོན་དུ་གསེགས་ནས་འདུག་དགོས་ཚེ། ལུས་པོའི་ལྗིད་ཚད་ལག་པར་ཁེན་ནས་རྐེད་པའི་འགན་ཁུར་ཇེ་ཡང་དུ་གཏོང་ཅི་ཐུབ་བྱེད་དགོས། གལ་ཏེ་རྒྱུན་པར་རྐེད་པ་ན་བའམ་མཁལ་རྐེད་མི་བདེ་བའི་སྣང་ཚུལ་འབྱུང་བཞིན་ཡོད་ན། ད་དུང་ཁྲིད་སྟེགས་དང་སྒྲོམ་སྟེགས་ཀྱི་མཐོ་ཚད་ལའང་དོ་སྣང་བྱེད་དགོས་པ་ཡིན། སྤྱིར་བཏང་དུ་མི་རང་ཉིད་ཀྱི་གཟུགས་ཀྱི་རིང་ཚད་དང་བསྟུན་ནས་ཁྲིད་སྟེགས་དང་སྒྲོམ་སྟེགས་ཀྱི་མཐོ་ཚད་དེ་འོས་འཚམ་ཡིན་མིན་ལ་བལྟ་དགོས་པ་ཡིན་ཏེ། ཡར་ལངས་ནས་སྡོད་སྐབས་ཁྲིད་སྟེགས་དང་སྒྲོམ་སྟེགས་ཀྱི་མཐོ་ཚད་དེ་དཔྱི་མགོའི་མཚམས་དེར་སླེབས་ན་འོས་འཚམས་ཡིན།

སྒལ་ཚིགས་འབུར་བའི་ནད་འབྱུང་བ་སྔོན་འགོག་བྱེད་ན་གཤམ་གྱི་གནད་དོན་འདི་དག་ལ་དོ་སྣང་བྱེད་དགོས་པ་ཡིན།

1.མལ་ཁྲི་སྲ་མོ་ཡིན་དགོས། མལ་ཁྲི་སྲ་མོ་ཡིན་ཚེ་སྒལ་རུས་རང་བཞིན་གྱིས་བསྲིངས་ཐུབ་ཅིང་། རྐེད་པའི་ཤ་གྲིམ་ལྷོད་པོར་གནས་ཐུབ་པས། སྒལ་ཚིགས་ལའང་གནོད་པ་ཐེབས་མི་སྲིད།

2.རྐེད་པ་དང་རྐང་པ་འཁྱགས་སུ་འཇུག་མི་རུང་། བཟའ་བཏུང་འགྲོ་འདུག་གི་གོམས་གཤིས་ལེགས་པོ་ཆགས་སུ་འཇུག་པ་དང་། རྐེད་པ་དང་རྐང་པ་འཁྱགས་སུ་མི་འཇུག་པ། ཐང་ཆད་དུ་མི་འཇུག་པ་བཅས་བྱེད་དགོས།

3.དངོས་པོ་ལྗིད་མོ་ཡར་འདེགས་སྐབས་མཉམ་འཇོག་བྱེད་དགོས། དངོས་པོ་ལྗིད་མོ་ཡར་འདེགས་སྐབས་ཐོག་མར་མར་སྒུར་ནས་དལ་མོར་ཡར་ལངས་ནས་རྐེད་པར་གནོན་ཤུགས་ཐེབས་སུ་འཇུག་མི་རུང་།

4.ཡར་ལངས་སྟངས་དང་མར་ཙོག་སྟངས་ལའང་དོ་སྣང་བྱེད་དགོས། ཡུན་རིང་ལངས་ནས་མི་འདུག་པ་དང་ཡུན་རིང་ཙོག་ནས་ཀྱང་འདུག་མི་རུང་ཞིང་། ཡར་ལངས་སྟངས་དང་མར་ཙོག་སྟངས་ཀྱང་ཡང་དག་ཡིན་དགོས་ཏེ། ཁོག་སྟོད་ཡར་དགྱེ་ཞིང་རྐེད་པ་དྲང་མོར་བསྲིངས་དགོས།

5.སྡོད་སྟངས་བསྒྱུར་དགོས་པ་ཡིན། ཡར་ལངས་སྟངས་དང་མར་ཙོག་སྟངས་དེའང་རྒྱུན་པར་བརྗེ་གསོར་བྱེད་དགོས་ཤིང་། མར་ཙོག་ནས་ཡུན་རིང་འགོར་ན་ཡར་ལངས་ནས་འགུལ་སྐྱོད་རེ་བྱས་ནས་རྐེད་པའི་ཤ་གྲིམ་གྱི་ངལ་དུབ་སེལ་དགོས།

ལོ་ཙཱ་བ། འབྲུག་མོ།