ཉིས་སྟོང་དྲུག་ལོ་ནས་བཟུང་རང་ཞིང་གིས་རིམ་པ་བགར་ཏེ་ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་ལས་གཞི་ལག་བསྟར་བྱས་པ་ནས་ད་ལྟའི་བར་དུ། ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་ལས་གཞི་ཆེས་ཐོག་མའི་རྫོང་གསུམ་ནས་སོ་དགུ་ལ་འཕར་བ་དང་། དེ་གྲོང་རྡལ་སུམ་བརྒྱ་ང་ལྔ་དང་སྲིད་འཛིན་གྲོང་ཚོ་བཞི་སྟོང་དོན་དགུ་ལ་ཁེབས་ཡོད་ཅིང་། ལས་གཞིར་ཚུད་པའི་རྫོང་གི་གྲངས་ཀས་རང་ཞིང་གི་རྫོང(ཁུལ་དང་གྲོང་ཁྱེར། སྲིད་འཛིན་བྱ་བའི་ཨུ་ཡོན་ལྷན་ཁང)ཡོངས་ཀྱི་བརྒྱ་ཆའི་གྱ་བཞི་དང་གྲངས་ཆུང་བདུན་བརྒྱད་ཟིན།
ཉེ་བའི་ལོ་འདི་འགའི་རིང་ལ། རང་ཞིང་གིས་གནད་ཆེ་བའི་སྤྱི་སྤྱོད་འཕྲོད་བསྟེན་ཆེད་དམིགས་མ་དངུལ་སྤྱད་དེ་ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་ལས་གཞི་ཁྱབ་གདལ་དུ་བཏང་བར་བརྟེན་ནས། ཐུམ་འབུའི་ནད་འགོག་སྲུང་བྱ་བར་ཕན་འབྲས་གསར་པ་བླངས། ཞིང་ཆེན་ས་གནས་ནད་རིགས་སྔོན་འགོག་ཚོད་འཛིན་ཁང་གིས་ཞིང་ཆེན་ཡོངས་ཀྱི་ལས་གཞི་རྫོང(ཁུལ་དང་གྲོང་ཁྱེར)སོ་དགུ་ལ་མཛུབ་སྟོན་དང་གསོ་སྦྱོང་། ལྟ་སྐུལ་སློབ་སྟོན་བཅས་བྱས་ཏེ་ཐུམ་འབུའི་ནད་ལ་གཞི་ཁྱོན་ཆེ་བའི་སྒོ་ནས་བརྟག་དཔྱད་བྱས།
ཉིས་སྟོང་བཅུ་བདུན་ལོའི་ལོ་མཇུག་བར། སྔ་ཕྱིར་རགས་རྩིས་བྱས་ན་ཞིང་ཆེན་ཡོངས་ཀྱི་མི་གྲངས་ས་ཡ་བཞི་དང་འབུམ་གཅིག་ཁྲི་བརྒྱད་ལ་བརྟག་དཔྱད་བྱས་ཤིང་། ཐོག་མའི་ནད་དཔྱད་ངོས་འཛིན་བྱས་པའི་ཐུམ་འབུའི་ནད་པ་མི་གྲངས་ཁྲི་གཅིག་དང་སྟོང་གསུམ་ལྔ་བརྒྱར་ལོངས་པ་དང་། ཞིང་ཆེན་ཡོངས་སུ་ཆ་སྙོམས་ཀྱིས་ཐུམ་འབུའི་ནད་བྱུང་ཚད་བརྒྱ་ཆའི་ཐིག་དང་གྲངས་ཆུང་གསུམ་ཐིག་རེད། ཉིས་སྟོང་བཅུ་བདུན་ལོར་བརྟག་དཔྱད་ལས་ཐོན་པའི་ནད་པ་བཞི་སྟོང་བརྒྱད་བརྒྱ་དོན་གཅིག་ལ་རིན་མེད་སྨན་བཅོས་ལག་བསྟར་དང་ནད་པ་བརྒྱད་བརྒྱ་དོན་ལྔ་ལ་གཤག་བཅོས་བྱས། གཤག་བཅོས་བྱས་པའི་ནད་པ་བདུན་བརྒྱ་དང་གྱ་བཞི་ལ་རོགས་སྐྱོར་བྱས་ཤིང་། གཤག་བཅོས་རོགས་སྐྱོར་མ་དངུལ་སྒོར་ས་ཡ་ལྔ་དང་འབུམ་བདུན་ཁྲི་བརྒྱད་ལྷག་ལ་སླེབས།
ཉིས་སྟོང་བཅོ་བརྒྱད་ལོར། ཞིང་ཆེན་ས་གནས་ནད་རིགས་སྔོན་འགོག་ཚོད་འཛིན་ཁང་གིས་ཐུམ་འབུའི་ནད་ཀྱི་ཟུར་བསྡུས་ཉམས་ཞིབ་ཁང་རིམ་སྤར་བྱེད་པའི་བཅོས་བསྒྱུར་བཟོ་འགོད་སྤེལ་ཏེ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་དཔྱད་ཆས་ཀྱི་བཀོད་སྒྲིག་ཇེ་བཟང་ཇེ་ལེགས་སུ་བཏང་ཞིང་། དུས་མཉམ་དུ་ཚན་རིག་དང་མཐུན་ཞིང་གཟབ་ནན་ཡིན་པའི་དོ་དམ་མ་ལག་ཡིག་ཆ་གྲབས་འཛུགས་བྱས་པ་དང་ཉམས་ཞིབ་ཁང་གི་བྱེད་ནུས་འཐུས་ཚང་དུ་བཏང་ནས། རྒྱུན་ལྡན་གྱི་ཞིབ་དཔྱད་ཚད་ལེན་དང་ཚན་རིག་ཞིབ་འཇུག་སྤེལ་བར་རྨང་གཞི་ལེགས་པོ་བཏིངས། །
རྩོམ་སྒྲིག་པ། འབྲུག་མོ།