འཆར་ལྡན་བུ་སྐྱེའི་སྐོར།
2019.01.15 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 66

བྱིས་པ་བདེ་ཐང་ངང་སྐྱེ་བ་དང་། འཆར་གཞི་དང་ལྡན་པར་སྐྱེ་བ། མ་བུ་གཉིས་ཀ་བདེ་གྲོལ་དང་བདེ་ཐང་ངང་འཚར་ལོངས་ཡོང་བ་བཅས་བྱེད་པ་དེར་འཆར་ལྡན་བུ་སྐྱེ་ཟེར་ཞིང་། དུས་རབས་གོང་མའི་དུས་མཇུག་ཙམ་ལ་འཛམ་གླིང་ཡོངས་ནས་བཤད་ན། ལོ་རེར་བུད་མེད་འབུམ་ལྔ་ཙམ་ལ་མངལ་སྦྲུམ་རྗེས་བྱིས་པ་སྔ་མོ་ནས་མངལ་ཤོར་འབྱུང་བ་དང་། ཡང་ན་བཙས་རྗེས་ཁྲག་ཤོར་བ་སོགས་ཀྱི་རྐྱེན་གྱིས་འཆི་ལམ་དུ་འཇུག་བཞིན་ཡོད། དེའི་ནང་མང་པོ་ཞིག་གཤམ་གྱི་གནད་དོན་འདི་དག་དང་འབྲེལ་བ་ཆེན་པོ་ལྡན་སྟེ།

གཅིག མངལ་ཆགས་སྔ་དྲགས་པ།

རང་ལོ་བཅུ་བདུན་ལ་མ་སོན་གོང་མངལ་ཆགས་ན། ལུས་ཁམས་ཡོངས་སུ་ད་དུང་འཚར་ལོངས་བྱུང་མེད་པའི་རྐྱེན་གྱིས་བྱིས་པ་སྐྱེ་སྐབས་རྐྱེན་ངན་འབྱུང་ཚད་མཐོ་བ་ཡིན།

གཉིས། མངལ་ཆགས་འཕྱི་པ།

ལོ་ན་ཅུང་མཐོ་དུས་མངལ་ཆགས་ན་ཉེན་ཁ་ཆེན་པོ་ཡོད་ཅིང་། ལྷག་པར་དུ་ལུས་པོ་ཟུངས་ཟད་ན་བ་མང་པོའི་རིགས་དང་། དེ་སྔོན་བྱིས་པ་མང་པོ་བཙས་པའི་བུད་མེད་རྣམས་དེ་བས་ཉེན་ཁ་ཆེ།

གསུམ། མངལ་སྦྲུམ་པའི་དུས་སྐབས་ཤིན་ཏུ་ཉེ་བ།

བྱིས་པ་སྐྱེ་ནས་དུས་ཡུན་རིང་པོ་མ་ལོན་པར་ཡང་བསྐྱར་མངལ་སྦྲུམ་ན། སྐབས་དེར་ད་དུང་སྐྱེས་མའི་ལུས་པོ་སླར་གསོ་ལེགས་པོ་བྱུང་ཐུབ་མེད་པས་མངལ་སྦྲུམ་ན་ཉེན་ཁ་ཆེན་པོ་ཡོད།

བཞི། མངལ་སྦྲུམ་ཐེངས་མང་བ།

བྱིས་པ་བཞིའི་ཡན་སྐྱེ་མྱོང་པའི་སྦྲུམ་མ་རྣམས་ལ་བྱིས་པ་སྐྱེ་རྗེས་ཁྲག་ཤོར་བའི་ཉེན་ཁ་ཤིན་ཏུ་ཆེ། དེར་བརྟེན་གསོ་རིག་པས་སྡོམ་རྩིས་ལས་མངལ་སྦྲུམ་པའི་སྐྱེས་མ་ཁྲི་གཅིག་དང་སྟོང་ལྔ་ཙམ་གྱི་ནང་ནས་སྐྱེས་མ་ལྔ་བརྒྱ་ཙམ་འཆི་བཞིན་ཡོད་ཅིང་། བུད་མེད་ཁྲི་གཅིག་དང་སྟོང་ལྔ་ཙམ་ལ་སྦྲུམ་འགོག་བྱེད་ཐབས་སྤྱད་པའི་ནང་སྐྱེས་མ་གཅིག་ཙམ་མ་གཏོགས་འཆི་བཞིན་མེད་པས། འཆར་གཞི་ལྡན་པའི་སྒོ་ནས་བུད་མེད་རྣམས་ཀྱིས་བྱིས་པ་སྐྱེ་རྒྱུ་དེ་སྐྱེས་མའི་བདེ་ཐང་དང་འབྲེལ་བ་ཤིན་ཏུ་ཆེ་བ་ཡིན་པས། སྐྱེས་མ་ཚོས་སྔོན་ནས་ཤེས་རྟོགས་དང་སེམས་ལ་གྲ་སྒྲིག་ཡོད་དགོས་པའི་གནད་དོན་ཞིག་ཡིན།

རྩོམ་སྒྲིག་པ། འབྲུག་མོ།