བྱིས་པ་བཙས་རྗེས་ཀྱི་བདེ་སྲུང་།
2019.01.17 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 60

གཅིག བྱིས་པ་བཙས་རྗེས་བང་ཚད་འབྱུང་བར་དོགས་ཟོན་ནན་ཏན་བྱེད་དགོས་པ།

བང་ཚད་ནི་བྱིས་པ་བཙས་རྗེས་ཟས་སྤྱོད་ཚུལ་བཞིན་མ་བྱུང་བའི་རྐྱེན་གྱིས་བུ་སྣོད་དང་སྐྱེ་ལམ་ལ་གཉན་ཚད་ཞུགས་པའི་ནད་ཅིག་ཡིན་ཞིང་། དེ་ཡང་གཙོ་བོར་བྱིས་པ་བཙའ་སྐབས་མངལ་སྐྱིའི་ནང་ངོས་དང་། སྐྱེ་ལམ་སོགས་ལ་རྨས་སྐྱོན་ཅུང་ཙམ་རེ་འབྱུང་སྲིད་པ་དེར་བྱིས་པ་བཙས་ནས་གཟའ་འཁོར་དྲུག་གི་ཚུན་ཆད་ནང་བཟའ་ཚང་མཉམ་དུ་འདུག་པའམ། གཙང་ཤོག་རྙིང་བ་དང་རྫུན་མ་སོགས་གང་བྱུང་དུ་སྤྱད་པ། དེ་བཞིན་སྤྱོད་ལམ་དྲག་ཤུལ་དང་། ཁ་ཟས་ལུག་ཤ་སོགས་ངོ་བོ་དྲོ་ལ་བཅུད་ཆེ་བའི་རིགས་བསྟེན་དྲགས་པ་སོགས་ཀྱིས་སློང་བ་ཡིན་པས། བྱིས་པ་བཙས་ནས་དུས་ཡུན་གང་འཚམ་རིང་སྨན་པའི་ངག་བཀོད་ལྟར་ཟས་དང་སྤྱོད་ལམ་ཕྱོགས་ལ་གཟབ་ནན་གང་ལེགས་བྱེད་དགོས་པ་ཡིན།

གཉིས། བུ་སྣོད་ནང་གི་ཁྲག་ངན་མང་ཙམ་ཕྱིར་འབུད་ཐུབ་པ་བྱེད་དགོས།

བྱིས་པ་བཙས་ནས་བུ་རོགས་ཕྱིར་ཐོན་པ་དང་མཉམ་དུ་ཁྲག་མང་ཙམ་བཞུར་སྲིད་ལ། དེ་བཞིན་ཉིན་འགའ་ཤས་ནང་བུ་སྣོད་ནས་ཁྲག་ངན་ལུས་པ་རྣམས་རིམ་བཞིན་ཕྱིར་འབུད་པ་དང་། སྤྱིར་ན་གཟའ་འཁོར་གཅིག་ཡས་མས་བར་བུ་སྣོད་ནས་ཁྲག་ངན་ཅུང་ཟད་བཞུར་བ་དང་། རིམ་བཞིན་གཟའ་འཁོར་གསུམ་ཙམ་འགོར་ན་ཁྲག་གི་ཁ་དོག་ཇེ་དྭངས་སུ་གྱུར་ནས་ཆད་འགྲོ་བ་ཡིན། ཁྲག་གི་བཞུར་ཚད་ཤིན་ཏུ་མང་བའམ། བུ་རོགས་བུ་སྣོད་དུ་ལུས་པས་ཁྲག་བཞུར་ཚད་ཤིན་ཏུ་ཚབས་ཆེ་བའི་རིགས་ཕུད། ཁྲག་ངན་རིམ་བཞིན་ཕྱིར་བཞུར་ན་མངལ་སྐྱོན་སེལ་ནས་ལུས་ཁམས་བདེ་བར་ཡོང་བ་ཡིན་པས་ཁྲག་གཅོད་སྨན་རིགས་གང་བྱུང་དུ་བསྟེན་མི་རུང་།

གསུམ། ནུ་མ་སྐྲངས་བ་སྔོན་འགོག་བྱེད་ཐབས།

བྱིས་པ་བཙས་རྗེས་ལུས་སྟོབས་བཟང་བའི་བུད་མེད་རྣམས་ལ་འོ་མ་མང་བ་ཡིན། འོ་མ་མང་དྲགས་ན་ནུ་མར་ཟུག་གཟེར་རྒྱག་པ་སོགས་བྱེད་སྲིད་པས། འོ་མ་འཇིབས་འཐེན་བྱེད་ཆས་ཀྱིས་མང་ཙམ་བཞོ་བ་དང་། བྱིས་པར་ནུ་མ་མང་ཙམ་བསྣུན་པ་སོགས་མ་བྱས་ན་ནུ་མར་གཉན་སྐྲངས་ནད་འབྱུང་སྲིད་པ་ཡིན།

བཞི། བྱིས་པ་བཙས་རྗེས་འགུལ་སྐྱོད་བྱ་ཚུལ།

བྱིས་པ་བཙས་རྗེས་ལུས་ངལ་ཞིང་དུབ་པ་ཡིན་པས་ལུས་ཁམས་གསོ་བཅོས་བཟང་པོ་བྱེད་དགོས་ཤིང་། སྤྱིར་བཏང་དུ་བྱིས་པ་བཙས་པའི་ཉིན་དང་པོར་མལ་དུ་ཉལ་ནས་ངལ་གསོ་བ་དང་། ཉིན་གཉིས་པར་མལ་ཁྲིའི་སྟེང་ཙོག་པུར་བསྡད་ནས་ངལ་གསོ་བ། ཉིན་གསུམ་པ་ནས་རིམ་བཞིན་འགུལ་སྐྱོད་ཅུང་ཙམ་རེ་བྱེད་ཆོག ཡིན་ནའང་ལས་ཀ་ལྕི་མོའི་རིགས་གཏན་ནས་ལས་མི་ཉན། སྤྱིར་བཤད་ན་འགུལ་སྐྱོད་རན་ཙམ་བྱས་ན་བུ་སྣོད་སླར་སོས་པ་དང་། བུ་སྣོད་ནང་གི་ཁྲག་སྙིགས་རྣམས་ཕྱིར་ཐོན་པ། ལུས་ཀྱི་ཆུ་ཁམས་ཕྱིར་ཕུད་རྒྱུ་སོགས་ལ་ཕན་ནུས་ཆེན་པོ་ཡོད།

ལྔ། བྱིས་པ་བཙས་རྗེས་ཀྱི་ཟས་སྐོམ་བསྟེན་ཚུལ།

བྱིས་པ་བཙས་རྗེས་དུས་ཡུན་ཅུང་རིང་པོར་ལུས་ཁམས་ལ་ཉི་འོད་ཚ་དྲགས་པ་དང་། གྲང་ངར་ཆེན་པོར་གཡོལ་གང་ཐུབ་བྱས་ནས། དྲོ་གྲང་སྙོམ་པའི་གནས་སུ་འདུག་དགོས་ལ། འཇུ་སླ་ཞིང་འཚོ་བཅུད་བཟང་བ། ངོ་བོ་བསིལ་དྲོད་སྙོམ་པའི་རིགས་བསྟེན་དགོས་པ་དང་། ཉིན་རེའི་ཟས་ཐུན་ཇེ་མང་དང་ཟ་ཚད་རན་པར་བསྟེན་དགོས།

དྲུག བྱིས་པ་བཙས་རྗེས་གཙང་སྦྲ་བྱ་ཚུལ།

འཕྲོད་བསྟེན་གཙང་སྦྲར་དོ་སྣང་བྱས་ནས་ཁ་ངོ་གདོང་གསུམ་ཉིན་ལྟར་འཁྲུད་པ་དང་། གྱོན་པའི་ནང་གོས་ཡང་ཡང་བརྗེ་བ། མགོ་བོའི་སྐྲ་འཁྲུད་པ། ནུ་མར་གཙང་སྦྲ་ནན་མོ་བྱེད་པ། རྐང་ཐུང་དང་གཙང་ཤོག་ཡང་ཡང་བརྗེ་གསོར་བྱེད་པ་སོགས་འཕྲོད་བསྟེན་གཙང་སྦྲའི་རིགས་ལ་དོ་སྣང་ཆེན་པོ་བྱེད་དགོས། འོན་ཀྱང་ཆུ་ཧ་ཅང་ཚ་མོ་དང་གྲང་མོའི་ནང་དུ་ལུས་དང་རྐང་ལག་འཁྲུ་མི་རུང་།

བདེ་སྲུང་རྒྱུན་ཤེས་ཞེས་པའི་དཔེ་དེབ་ལས་བཤུས། 

རྩོམ་སྒྲིག་པ། འབྲུག་མོ།