ཇི་ལྟར་བྱས་ན་ལུས་སྟེང་གི་མཁྲིས་རྒྱུ་གཤེར་རྩི་ཇེ་ཉུང་དུ་གཏོང་ཐུབ།
2019.01.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 202

ང་ཚོས་ཤེས་པ་ནང་བཞིན་མཁྲིས་རྒྱུ་གཤེར་རྩི་མཐོ་དྲགས་ན་སྙིང་ཁམས་ཁྲག་རྩའི་ནད་འབྱུང་བའི་ཉེན་ཁ་ཆེ། ནད་འདིའི་རིགས་ལ་སྨན་བསྟེན་པ་ལས་ཀྱང་ཕན་པའི་ཐབས་ཤེས་གཞན་པ་ཡོད་དམ་ཞེ་ན། ང་ཚོར་བརྡར་ཤ་གཅོད་ཐུབ་པའི་ཐབས་ཤིག་ཡོད་པ་ནི་བདེ་ཐང་གི་འཚོ་བའི་གོམས་གཤིས་དང་བཟའ་བཏུང་གི་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱ་ཐུབ་ཚེ། མཁྲིས་རྒྱུ་གཤེར་རྩི་ཇེ་ཉུང་དུ་གཏོང་ཐུབ་པ་དང་། སྙིང་ཁམས་ཁྲག་རྩ་བདེ་ཐང་ཡོང་བར་བཟའ་བཏུང་དང་འཚོ་བའི་གོམས་གཤིས་ལ་མཉམ་འཇོག་གང་ལེགས་བྱས་ན། ལུས་པོ་བདེ་ཐང་ཡོང་བར་མ་ཟད་ཚི་ལི་ཡང་ཇེ་ཉུང་དུ་གཏོང་ཐུབ།

བཟའ་བཏུང་གི་ཚད་ལ་མཉམ་འཇོག་བྱེད་པ། ཟ་མ་ཚད་ལས་བརྒལ་བར་ཟོས་ན་ཚོ་གསོག་པ་ལས་གཞན་ད་དུང་མཁྲིས་རྒྱུ་གཤེར་རྩི་ཇེ་མཐོར་འགྲོ་གི་ཡོད། མཁྲིས་རྒྱུ་གཤེར་རྩི་མར་འབབ་པའི་ཐབས་ཤེས་ཆེས་ལེགས་པ་ནི། ཟ་མ་ཉུང་ངུར་བསྟེན་པ་དང་། སྐམས་ལུག་ཤ་དང་ཉ་ཤ ། སིལ་ཏོག་དང་སྔོ་ཚོད་གསར་པ། འབྲས་སོགས་ཉུང་ཉུང་ཟ་བ་དེ་རེད།

སྲན་མའི་རིགས་མང་དུ་བསྟེན་པ། སྲན་མའི་རིགས་ཀྱིས་མིའི་ལུས་སྟེང་གི་མཁྲིས་རྒྱུ་གཤེར་རྩིའི་ཆུ་ཚད་ཇེ་ཉུང་དུ་གཏོང་ཐུབ། དུས་མཚུངས་སུ་རྒྱུ་མའི་ནང་དུ་ཕན་ལྡན་འབུ་སྲིན་འབྱུང་བར་སྐུལ་འདེད་ཀྱི་ནུས་པ་ཐོན་གྱིན་ཡོད།

སིལ་ཏོག་དང་སྔོ་ཚོད་ཀྱི་ནང་དུ། མཚོ་ཟས་མང་དུ་བསྟེན་པ། ཕྱོགས་གཅིག་ནས་བཤད་ན། སིལ་ཏོག་དང་སྔོ་ཚོད་ཀྱི་ནང་དུ་དབྱང་འགྱུར་འགོག་པའི་གྲུབ་ཆ་ལྡན་པས། མིའི་ལུས་སྟེང་གི་ཚི་ལི་དང་སྤྲི་དཀར་མཐོ་བའི་འདུས་ཚད་ཇེ་ཉུང་དུ་གཏོང་བར་ཕན་པ་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན། སིལ་ཏོག་དང་སྔོ་ཚོད་མང་པོ་ཟོས་ན་གྲོད་པ་འགྲང་བའི་ཚོར་སྣང་སྐྱེས་ཐུབ་པས། ཟ་མ་གཞན་དག་ཉུང་ཟ་བྱེད་པར་ཕན། དེ་མིན། ཉ་ཤའི་ནང་དུ་ཚི་ལི་འདུས་ཚད་ཉུང་བར་མ་ཟད་ཚི་སྐྱུར་ཕུན་སུམ་ཚོགས་པ་ཡོད་པས། ཁྲག་རྒྱུན་ནང་གི་མི་གཙང་བ་ཡོད་ཚད་གཙང་སེལ་བྱེད་ཐུབ་པ་དང་། མཁྲིས་རྒྱུ་གཤེར་རྩི་ཇེ་ཉུང་དུ་གཏོང་བར་ཕན་པ་ཆེན་པོ་ཡོད། དེའི་ཕྱིར་གཟའ་འཁོར་གཅིག་གི་ནང་དུ་ཆེས་ཉུང་ཡང་ཉ་ཤ་ཐེངས་གཉིས་ལ་ཟོས་ན་ལུས་ཕུང་བདེ་ཐང་ཡོང་བར་ཕན།

ཤིང་འབྲས་མང་དུ་བསྟེན་པ། ཤིང་འབྲས་ནང་དུ་སྤྲི་དཀར་དང་ཚི་ལི་མང་པོ་འདུས་ཡོད། ང་ཚོས་ཉིན་རེར་ཧ་ལམ་ཤིང་ཏོག་གི་ཁུ་བ་ཕོར་བ་ཕྱེད་ཙམ་འཐུང་ན་ལུས་སྟེང་གི་མཁྲིས་རྒྱུ་གཤེར་རྩིའི་སྤྱིའི་འདུས་ཚད་ཀྱི་བརྒྱ་ཆའི་ལྔ་དང་གྲངས་ཆུང་གཅིག་ཇེ་ཉུང་དུ་གཏོང་ཐུབ། ཡིན་ཡང་ང་ཚོས་མཉམ་འཇོག་བྱེད་དགོས་པ་ནི་  ཤིང་འབྲས་ཀྱི་ཁུ་བ་འཐུང་སྐབས། ཉིན་རེར་ཚད་ལས་བརྒལ་ཏེ་འཐུང་མི་རུང་།

མཁྲིས་རྒྱུ་གཤེར་རྩི་མཐོ་བའི་མི་རྣམས་ལ་མཚོན་ན། མཁྲིས་རྒྱུ་གཤེར་རྩི་དོ་མཉམ་ཡོང་བར་བྱེད་རྒྱུ་ནི་དུས་ཡུན་རིང་བོར་འབད་དགོས་པའི་ལས་ཤིག་རེད། དུས་བཅད་ལྟར་སྨན་པར་བསྟེན་ནས་སྨན་པའི་ངག་ལྟར་ཟ་མ་བཟའ་ཚུལ་དང་ལུས་ཕུང་སྦྱོང་བརྡར་བྱེད་ཚུལ། སྨན་བསྟེན་ཚུལ་སོགས་ལ་མི་ནོར་བར་འབད་ན། མཁྲིས་རྒྱུ་གཤེར་རྩི་ཇེ་ཉུང་དུ་གཏོང་བར་ཕན་པ་ཡོད།།

རྩོམ་སྒྲིག་པ། འབྲུག་མོ།