དྲེག་ནད་ནི་རྙིང་ཚབ་གསར་བརྗེ་དང་འབྲེལ་བ་ཡོད་པའི་རུས་ཚིགས་ན་བའི་ནད་ཅིག་ཡིན། དྲེག་ནད་ཀྱི་འབྱུང་རྐྱེན་ནི་གཅིན་སྐྱུར་ལ་འབྲེལ་བ་དམ་པོ་ཡོད། མིའི་ལུས་སྟེང་གི་རྙིང་ཚབ་གསར་བརྗེའི་ནུས་པས་ཕིའོ་ལིན(嘌呤)བསྐྱེད་ཀྱིན་ཡོད་ལ། ཟས་རིགས་ནང་དུའང་ཕིའོ་ལིན་ཡོད་པས་མཐའ་མར་གཅིན་སྐྱུར་དུ་འགྱུར་འགྲོ་བ་རེད། རྒྱུན་ལྡན་གྱི་གནས་ཚུལ་འོག གཅིན་སྐྱུར་དེ་མཁལ་མ་བརྒྱུད་དེ་གཅིན་ལམ་ནས་ཟགས་ཐོན་བྱེད་ཀྱིན་ཡོད་མོད། ཡིན་ཡང་། ཕིའོ་ལིན་མང་དྲགས་ན་གཅིན་སྐྱུར་དེ་བཞིན་ཇེ་མང་དུ་འགྲོ་བ་རེད། གཅིན་སྐྱུར་མང་དྲགས་ན་མིའི་ལུས་སྟེང་ནས་གཅིན་སྐྱུར་ཟེགས་ཚད་རྒྱུན་ལྡན་མིན་པས། ལུས་སྟེང་དུ་དུས་ཡུན་རིང་བོར་གསོག་འཇོག་བྱས་པ་བརྒྱུད་སྲ་མོར་གྱུར་ཏེ་རུས་ཚིགས་སུ་དྲེག་ནད་འབྱུང་བ་རེད། རྒྱུན་ལྡན་གྱི་བཤད་ཚུལ་ལྟར་ན་དྲེག་ནད་ནི་མོ་ལས་ཕོ་ལ་འབྱུང་མང་བར་བཤད།
མཚོ་ཟས་ནང་དུ་སྤྲི་དཀར་རིགས་དང་། ཚི་ལི་དམའ་བའི་ཟས་རིགས་ཡོད་པ་རེད། ལྦུ་ཆང་ནང་དུ་འཚོ་བཅུདB1འདུས་པས་ཕིའོ་ལིན་སོགས་རྙིང་ཚབ་གསར་བརྗེ་བྱེད་པའི་འགྱུར་འདེད་དངོས་རྫས་ཤིག་ཡིན། ཕིའོ་ལིན་དང་འཚོ་བཅུདB1སོགས་མཉམ་འདུས་བྱས་ནས་རྫས་འགྱུར་གྱི་བྱེད་ནུས་ཐོན་གྱིན་ཡོད་པ་དང་། ལྦུ་ཆང་མང་དུ་འཐུང་ན་ཕིའོ་ལིན་དབྱེ་ཕྲལ་བྱེད་ཚད་ཇེ་མགྱོགས་སུ་སོང་ནས་གཅིན་པ་སྐྱུར་འགྲོ་བ་རེད། མ་མཐའ་ཡང་མིའི་ལུས་སྟེང་གི་ཁྲག་རྒྱུན་ཁྲོད་ཀྱི་གཅིན་སྐྱུར་འདུས་ཚད་ཇེ་མང་དུ་སོང་ནས་ཡར་སྔོན་གྱི་ཆ་སྙོམས་གནས་སྟངས་ལ་གནོད་པ་ཐེབས་ཀྱིན་ཡོད། དེ་བས་གཅིན་སྐྱུར་མྱུར་མོར་ལུས་སྟེང་ནས་མར་ཕུད་མ་ཐུབ་ཚེ། ནཱ་ཚྭའི་རྣམ་པ་ལྟར་དྭངས་མོར་ཆགས་ནས་སྲ་མོ་རྡོའམ་ཡང་ན་དྲེག་ནད་དུ་འགྱུར་འགྲོ་བ་རེད། དུས་མཚུངས་སུ་ཆང་བཅུད་དང་ཚི་ལིས་གཅིན་སྐྱུར་མར་འདོན་པར་གནོད་པ་བཟོས་ཏེ། ཁྲག་རྒྱུན་ནང་གི་གཅིན་སྐྱུར་ཇེ་མང་དུ་གཏོང་གིན་ཡོད།
དེའི་ཕྱིར། ལྦུ་ཆང་དང་མཚོ་ནང་གི་ཟས་རིགས་མཉམ་དུ་བསྟེན་ན་དྲེག་ནད་འབྱུང་བར་མ་ཟད། ཆང་བཅུད་དང་མཚོ་ཟས་སོགས་ནི་དྲེག་ནད་འབྱུང་ཉེན་ཆེ་བའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད། །
རྩོམ་སྒྲིག་པ། འབྲུག་མོ།