ཆང་བག་མེད་དུ་འཐུང་ན་བདེ་ཐང་ལ་གནོད་པ་ཡོད་དམ།
2019.02.20 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 65

ཆང་འཐུང་རྗེས་རྙིང་ཚབ་གསར་བརྗེ་བྱེད་མཁན་གཙོ་བོ་ནི་དོན་ལྔ་སྣོད་དྲུག་ནང་གི་མཆིན་པ་ཡིན། ཆང་གི་གྲུབ་ཆ་གཙོ་བོ་ནི་ཆང་བཅུད་ཡིན་པས་རྙིང་ཚབ་གསར་བརྗེ་བྱེད་པའི་གོ་རིམ་ཁྲོད་མཆིན་པར་གནོད་པ་ངེས་ཅན་ཐེབས་པ་དང་། མཆིན་པའི་ནུས་པ་དང་དབྱིབས་ལ་འགྱུར་བ་གཏོང་བཞིན་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན། རྒྱུན་དུ་ཆང་འཐུང་ན་དབྱིངས་ཞུགས་སླ་བས་ལུས་པོར་གནོད་པ་ཚབས་ཆེན་ཐེབས་སྲིད། ཚོད་ལྟ་ལས་མངོན་པ་ལྟར་ན། མིའི་ལུས་སྟེང་གི་ཁྲག་རྒྱུན་ཁྲོད་ཆང་བཅུད་འདུས་ཚད0.05%ནས0.2%བར་སླེབས་ཚེ་བཟི་བའི་གནས་བབ་མངོན་བཞིན་ཡོད། 0.4%ལ་སླེབས་ཚེ་མྱུར་བའི་རང་བཞིན་གྱི་ནད་དུག་ཕོག་ནས་ཤི་བའི་ཉེན་ཁ་འབྱུང་སྲིད།

ང་ཚོས་མཉམ་འཇོག་བྱེད་དགོས་པ་ནི། ཆང་བཅུད་ཀྱིས་མིའི་ལུས་པོར་ཐེབས་པའི་ནུས་པའི་ཐད་ལ་ཁྱད་པར་མི་འདྲ་བ་རེ་ཡོད། རྒྱུ་རྐྱེན་གཙོ་བོ་ནི། ཆང་བཅུད་ཀྱིས་མིའི་ལུས་སྟེང་གི་དུག་སེལ་དངོས་པོ་སྟེ། རྒྱུད་རྒྱུ(ALDH2)ཐག་གཅོད་བྱེད་བཞིན་ཡོད་པས། ཆང་བཅུད་མིའི་ལུས་སྟེང་དུ་ཁྱབ་རྗེས། རྙིང་ཚབ་གསར་བརྗེ་བྱས་ནསDNAལ་གནོད་པ་ཐེབས་པའི་དུག་ལྡན་རྫས་འགྱུར་ཆོན་ཁ་པ(乙醛)གྲུབ་པ་རེད། (ALDH2)བརྒྱུད་ནས་ཆོན་ཁ་པ(乙醛)དུག་མེད་པའི་རྙིང་ཚབ་གསར་བརྗེ་དངོས་པོ་སྟེ་སྐྱུར་ཁ་པ(乙酸)དབྱེ་བཞིན་ཡོད། གལ་ཏེALDH2རྒྱུད་རྒྱུ་ལ་ཉེན་ཁ་ཡོད་ཚེ། ཆང་འཐུང་བ་ནི་སྡུག་བསྔལ་ཞིག་ཡིན་པར་མ་ཟད། ད་དུང་འབྲས་སྐྲན་འབྱུང་ཚད་ཇེ་མཐོར་གཏོང་ངེས་རེད། དེའི་ཕྱིར། ཆང་ཉུང་འཐུང་བྱེད་པ་ལས་རྒྱུན་པར་འཐུང་ན་ལུས་པོར་གནོད་པ་ཡོད།

དུས་ཡུན་རིང་པོར་ཆང་འཐུང་ན་དལ་བའི་རང་བཞིན་གྱི་ནད་དུག་ཕོག་སྟེ་རིམས་ནད་འབྱུང་བ་དང་། ལྷག་པར་རྒན་པ་རྣམས་ཀྱི་ལུས་སྟོབས་ཞན་པས་ཆང་འཐུང་བར་ཚོད་འཛིན་བྱེད་དགོས།

ཆང་ཇི་ལྟར་འཐུང་ན་ད་གཟོད་བདེ་ཐང་ཡིན་ནམ་ཞེ་ན།

ཀྲུང་གོར་སྲོལ་རྒྱུན་གྱི་དུས་ཆེན་འདྲ་མིན་སྣ་ཚོགས་ཡོད་པ་དང་། དུས་ཆེན་གྱི་སྐབས་སུ་ཁྱིམ་མི་ཉེ་འབྲེལ་ཡོངས་མཉམ་དུ་འདུས་ནས་ཆང་ཉུང་ཙམ་འཐུང་ན་སྐྱིད་པོ་ཡོང་བར་ཕན་མོད། ཡིན་ཡང་འཐུང་བ་ཚད་ལས་བརྒལ་ན་མིའི་ལུས་པོ་དང་བརྩེ་བར་གནོད་པ་ཐེབས་འགྲོ་བར་མ་ཟད། མཚམས་རེར་སྲོག་གི་ཉེན་ཁའང་འབྱུང་གིན་ཡོད། འོ་ན། ཆང་ཇི་ལྟར་འཐུང་ན་བདེ་ཐང་ཡིན་ནམ་ཟེར་ན།

ཁོག་སྟོང་དུ་ཆང་འཐུང་མི་རུང་། ཆང་བཅུད་ནི་བཟའ་བཏུང་གི་རིགས་དང་མི་འདྲ་བར་རྩ་ལམ་སོ་སོར་ཁྱབ་ཚད་མགྱོགས་པ་རེད། གལ་ཏེ་ཁོག་སྟོང་དུ་ཆང་འཐུང་ན། ཕོ་གཞུག་དང་རྒྱུ་ཆུང་བརྒྱུད་ནས་ཁྲག་ཐོན་གྱིན་ཡོད། ཆང་བཅུད་ཀྱིས་ཕོ་བ་དང་རྒྱུ་ལམ་ལ་གནོད་པ་བཟོ་བཞིན་པ་ཀུན་གྱིས་ཤེས་ལ། ཆང་བཅུད་ལ་ད་རུང་ཚི་ལི་ཞུ་བའི་ནུས་པ་ལྡན་པས། ཐད་ཀར་ཕྲ་ཕུང་གི་སྐྱི་མོར་གནོད་པ་ཐེབས་པའམ་ཡང་ན་ཆང་བཅུད་མཐོ་བའི་ཆང་གིས་ཕོ་བའི་ཕོ་རྩིར་གནོད་པ་ཡོད་ལ། དེ་མ་ཟད་ཕོ་བ་བསྐྱུར་ནས་ཁྲག་ཐོན་པའི་སྣང་ཚུལ་ཡང་འབྱུང་སྲིད།

དེ་བས་ཚད་ལས་བརྒལ་ཏེ་ཆང་འཐུང་ན་མྱུར་བའི་རང་བཞིན་གྱི་ཕོ་བའི་གཉན་ཚད་དང་གཤེར་མའི་གཉན་ཚད་སོགས་ཀྱི་ནད་རིགས་འབྱུང་བ་རེད།

དེ་ལས་གཞན་སྨན་བསྟེན་པའི་སྐབས་སུའང་ཆང་འཐུང་མི་རུང་། སྨན་བསྟེན་པའི་སྐབས་སུ་ཆང་འཐུང་མི་རུང་བ་ཀུན་གྱིས་ཤེས་གསལ་ལྟར། ང་ཚོས་གཉིད་སྨན་དང་། ཆམ་ནད་ཀྱི་སྨན། ལྷོད་འཇགས་སྨན་བསྟེན་པའི་སྐབས་སུ་ཆང་འཐུང་མི་རུང་། སྨན་བསྟེན་དུས་ཆང་འཐུང་ན་སྨན་གྱི་ནུས་པ་ཇེ་ཆེར་སོང་ནས་སྨན་དུག་ཕོག་པའི་སྣང་ཚུལ་ཐོན་གྱིན་ཡོད། གལ་ཏེ་ཁྲག་ཤེད་ཇེ་དམའ་རུ་གཏོང་བའི་སྨན་བསྟེན་དུས་ཆང་འཐུང་ན་ཁྲག་ཤེད་མར་འབབ་ཚད་ཚད་ལས་བརྒལ་བའི་ཉེན་ཁ་ཡོད་པ་དང་། དེ་མིན་འཇུ་ལམ་ནས་ཁྲག་བཞུར་བ་སོགས་ཀྱི་ཉེན་ཁ་ཡོད་པས་ཆང་འཐུང་མ་ཤེས་པར་སྨན་དང་མཉམ་འཐུང་བྱས་ན་རང་སྲོག་གཅོད་པའི་སྟ་རེ་ཡིན། །

རྩོམ་སྒྲིག་པ། འབྲུག་མོ།