འགུལ་སྐྱོད་ལས་བདེ་ཐང་ལ་ཤུགས་རྐྱེན་ག་འདྲ་ཐེབས་ཀྱིན་ཡོད།
2019.02.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 28

རྙིང་ཚབ་གསར་བརྗེའི་ནུས་པ་ཐོན་པ། ལུས་རྩལ་སྦྱོང་བརྡར་བྱས་ན་ལུས་ཁམས་ཀྱི་ཕྲ་ཕུང་གིས་མངར་ཆ་བསྡུ་ལེན་དང་བེད་སྤྱོད་བྱེད་པའི་ནུས་པར་སྐུལ་འདེད་གཏོང་ཐུབ་པར་མ་ཟད། ད་དུང་ལུས་སྟེང་གི་སྔར་ཡོད་མངར་ཆ་གསོག་འཇོག་བྱེད་པར་ཕན་པ་རེད། ལུས་རྩལ་སྦྱོང་བརྡར་གྱིས་ལུས་སྟེང་གི་མངར་ཆ་རྙིང་ཚབ་གསར་བརྗེ་བྱེད་པའི་སྙོམ་སྒྲིག་ནུས་པ་ལེགས་བཅོས་བྱེད་ཐུབ། ཚི་སྣ་ནི་མིའི་ལུས་སྟེང་དུ་འདུས་ཚད་ཆེས་མཐོ་བའི་ནུས་གཟུགས་ཡིན་ལ། ཚི་སྣས་དབྱང་འགྱུར་སོ་སོར་དགར་བའི་སྐབས་སུ་ནུས་པ་གལ་ཆེན་ཐོན་པ་དང་། དེ་ནི་ནུས་པ་འདྲ་མཉམ་ཡིན་པའི་མངར་ཆ་དང་སྤྲི་དཀར་གྱི་ལྡབ་གཉིས་ཡིན། དུས་ཡུན་རིང་བོར་ལུས་ཕུང་སྦྱོང་བརྡར་བྱས་ན་ལུས་ཁམས་ཀྱི་ཚི་སྣའི་འགུལ་སྐྱོད་བྱེད་ནུས་ཇེ་མཐོར་བཏང་ནས། མིའི་ལུས་སྟེང་གི་འགུལ་སྐྱོད་ཀྱི་ཆ་ལ་ནུས་པའི་ཐོན་ཁུངས་འདོན་སྤྲོད་བྱེད་ཐུབ།

འགུལ་སྐྱོད་མ་ལག་ལ་ཤུགས་རྐྱེན་ཐེབས་པ། ལུས་ཕུང་སྦྱོང་བརྡར་རྒྱུན་འཁྱོངས་བྱས་ན་རུས་པ་དང་ཤ་གནད། རུས་ཚིགས་སོགས་ལ་ཤུགས་རྐྱེན་བཟང་པོ་ཐེབས་ཀྱིན་ཡོད་པར་མ་ཟད། ད་དུང་རྒྱུན་པར་འགུལ་སྐྱོད་བྱས་ན་ཤ་གནད་ཀྱི་རྐྱོང་ཤུགས་ཇེ་ལེགས་སུ་བཏང་སྟེ། ཤ་གནད་ཀྱི་འགུལ་སྐྱོད་བརྒྱུད་དེ་རུས་པའི་གྲུབ་ཆར་སྐུལ་འདེད་བྱས་ནས་རུས་སོབ་ནད་སྔོན་འགོག་བྱེད་པའི་ནུས་པ་ཐོན་པ་རེད། དུས་མཚུངས་སུ་རུས་ཚིགས་ཀྱི་འགུལ་སྐྱོད་རྒྱུན་ལྡན་ཡོང་བ་དང་ལྡེམ་ཤུགས་ཅན་དུ་འགྱུར་ཐུབ་ལ། དེ་བཞིན་སྦྱོང་བརྡར་གྱིས་འགུལ་སྐྱོད་མ་ལག་གི་ཡང་དག་རང་བཞིན་དང་མཐུན་སྦྱོར་རང་བཞིན་ཇེ་དྲག་ཏུ་བཏང་ནས་རྐང་ལག་མཉེན་ལྕུག་ལྡན་པར་གཏོང་ཐུབ།

ཁྲག་རྩའི་མ་ལག་ལ་ཤུགས་རྐྱེན་ཐེབས་པ། ཚད་དང་རན་པར་ལུས་སྦྱོང་བྱས་ན་སྙིང་ཁམས་ཀྱི་བྱེད་ནུས་ཇེ་བཟང་དུ་གཏོང་བ་དང་། སྙིང་གི་ཁྲག་རྩའི་རྒྱུ་བ་རྒྱུན་ལྡན་དུ་བཏང་ནས་སྙིང་ཁམས་ལ་མཁོ་ཆེ་བའི་འཚོ་བཅུད་འདོན་སྤྲོད་བྱེད་ཐུབ། དེ་ལས་གཞན་སྙིང་ནད་སྔོན་འགོག་བྱེད་པར་ཕན་པ་ཡོད། ལས་ཕུང་སྦྱོང་བརྡར་ལས་ཁྲག་རྩའི་ལྡེམ་ཤུགས་ཇེ་དྲག་ཏུ་གཏོང་བ་དང་ཁྲག་ཤེད་མཐོ་བའི་ནད་སྔོན་འགོག་བྱེད་ཐུབ།

དབུགས་གཏོང་ལེན་གྱི་མ་ལག་ལ་ཤུགས་རྐྱེན་ཐེབས་པ། རྒྱུན་པར་ལུས་ཕུང་སྦྱོང་བརྡར་ནང་ཞུགས་པ་དང་། ལྷག་པར་རྐྱོང་སྐུམ་འགུལ་སྐྱོད་བྱེད་པར་འབད་ན་དབུགས་གཏོང་ལེན་བྱེད་ཚད་ཇེ་ཆེར་སོང་ནས། བྲང་ཁོག་རྒྱ་བསྐྱེད་དེ་གློ་བ་བདེ་ཐང་ངང་འཚར་ལོངས་འབྱུང་གིན་ཡོད། འགུལ་སྐྱོད་ཁྲོད་དབུགས་རིང་གཏོང་ལེན་བྱས་ན་གློ་བའི་གསོན་ཚད་ཇེ་རིང་དུ་གཏོང་ཐུབ།

འཇུ་བྱེད་མ་ལག་ལ་ཤུགས་རྐྱེན་ཐེབས་པ། ང་ཚོས་བཟའ་བཏུང་ཅི་རིགས་ལ་བརྟེན་པའི་དབང་གིས་ལུས་སྟེང་དུ་ཚོ་འབུད་པ་དང་སྟོབས་རྒྱས་བཞིན་ཡོད་པས། ལུས་ཕུང་སྦྱོང་བརྡར་བྱས་ན་ལུས་པོའི་ཟུངས་ཟད་པའམ་འཇུ་སྟོབས་ཇེ་ཆེར་འགྲོ་བ་དང་། དེ་བཞིན་འཇུ་བྱེད་མ་ལག་གི་ནུས་པར་འགྱུར་བ་བཏང་ནས་ཟ་མའི་ཚད་ཇེ་མང་དང་འཇུ་བྱེད་ནུས་པ་ཇེ་མཐོར་གཏོང་ཐུབ།

དབང་རྩ་ལྟེ་བའི་མ་ལག་ལ་ཤུགས་རྐྱེན་ཐེབས་པ། ལུས་ཕུང་སྦྱོང་བརྡར་བྱས་ན་དབང་རྩའི་མ་ལག་སྙོམ་སྒྲིག་བྱེད་པའི་ནུས་པ་ཇེ་ལེགས་སུ་གཏོང་བ་དང་། དབང་རྩའི་མ་ལག་གིས་ལུས་ཕུང་སྦྱོང་བརྡར་བྱེད་སྐབས་ལུས་སྟེང་གི་འགྱུར་བར་ཁ་ལོ་བསྒྱུར་བའི་ནུས་པ་ཇེ་མཐོར་གཏོང་ཐུབ།

སེམས་ཁམས་ལ་ཤུགས་རྐྱེན་ཐེབས་པ། ལུས་ཕུང་སྦྱོང་བརྡར་བྱས་ན་སེམས་ཁམས་བདེ་ཐང་དང་སེམས་ཤུགས་རྒྱ་བསྐྱེད་པར་ཕན་པར་མ་ཟད། ད་དུང་ཡིད་ཆེས་དང་སེམས་ཁམས་སྙོམ་སྒྲིག་བྱེད་པའི་ཐད་ལའང་ནུས་པ་ཆེན་པོ་ཡོད།

རྩོམ་སྒྲིག་པ། འབྲུག་མོ།